རྒྱ་ནག་ཏུ་དངུལ་བཅོལ་འཇོག་བྱེད་མཁན་དག་གིས་ངོ་རྒོལ་ལས་འགུལ་སྤེལ་འདུག
ཟླ་འདིའི་ཚེས་༡༡ཉིན་CNNགསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པར་བརྟེན། ལོ་འདིའི་སྤྱི་ཟླ་བཞི་པའི་ཟླ་དཀྱིལ་ནས་རྒྱ་ནག་ཧེ་ནན(Henan)ཞིང་ཆེན་ནང་གི་དངུལ་ཁང་བཞི་ཡི་ནང་ནས་དངུལ་ལེན་ཐུབ་ཀྱི་མེད་པ་དང་། དངུལ་ཁང་དུ་དངུལ་བཅོལ་འཇོག་བྱེད་མཁན་དག་ལ་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་པར་བརྟེན། ཟླ་འདིའི་ཚེས་༡༠ཉིན་དངུལ་ཁང་དུ་དངུལ་བཅོལ་འཇོག་བྱེད་མཁན་ཆིག་སྟོང་ལྷག་ལྷན་འཛོམས་ཀྱིས་ས་གནས་དཔོན་པོ་དག་གི་དྲག་སྤྱོད་དང་ལྐོག་ཟ་རུལ་སུངས་ཀྱི་ཐོག་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག
འདས་པའི་ཟླ་བ་གཉིས་ཀྱི་ནང་དུ་དངུལ་ཁང་དུ་དངུལ་བཅོལ་འཇོག་བྱེད་མཁན་དག་གིས་ངོ་རྒོལ་ཐེངས་ཁ་ཤས་བྱས་ཡོད་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པ་དང་། ཏོག་དབྱིབས་གཉན་རིམས་༡༩་པའི་དབང་གིས་མི་མང་ཚོ་ལ་ཡར་མར་འགྲོ་འོང་གི་དམ་དྲག་དང་བཀག་སྡོམ་བྱས་པའི་སྟབས་ཀྱིས་དངུལ་བཅོལ་འཇོག་བྱེད་མཁན་དག་གི་ངོ་རྒོལ་ལས་འགུལ་ལ་འགོག་རྐྱེན་སྣ་ཚོགས་འཕྲད་ཡོད་རབས་དང་། ཐེངས་འདིར་ངོ་རྒོལ་བྱེད་མཁན་མང་པོ་ཞིག་ནི་ཞོགས་པའི་སྐྱ་རེངས་མ་འཆར་གོང་ནས་ཡོང་ཡོད་པ་དང་། ཁག་གཅིག་ནི་ཞོགས་པའི་ཆུ་ཚོད་བཞི་པ་ཙམ་ནས་ངོ་རྒོལ་བྱེད་དུ་ཡོང་ཡོད་པའི་གནས་ཚུལ་ཐོན་འདུག
ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་དེར་ས་གནས་ཀྱི་ཉེན་རྟོག་པ་སྒྲིག་ཆས་གྱོན་ཡོད་པ་དང་གཞན་ཡང་སྟོད་ཐུང་དཀར་པོ་གྱོན་མཁན་བརྒྱ་ཕྲག་ཁ་ཤས་བསླེབས་ཡོད་པ་དང་། ལས་འགུལ་བ་ཚོས་ཁོང་ཚོ་ལ་ཇག་ཚོགས་ཞེས་སྐད་སྒྲོག་ཡོད་འདུག ཉེན་རྟོག་པ་ཚོས་ལས་འགུལ་བ་དག་ལ་ཉེན་བརྡ་གང་ཡང་མ་གཏོང་བ་ངོ་རྒོལ་བ་ཚོ་ལ་རྡུང་རྡིག་གཏོང་བ། རེ་འགའ་འཛིན་བཟུང་བྱེད་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག
ད་ལྟའི་ཆར་མི་མང་བརྒྱ་ཕྲག་མང་པོས་ཚེ་གང་གསོག་འཇོག་བྱེད་པའི་དངུལ་དག་རང་ཉིད་ཀྱི་ལག་ཏུ་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག་ལ། ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་ནི་རྒྱ་ནག་གི་ནང་དུ་ཏོག་དབྱིབས་གཉན་རིམས་༡༩་ཁྱབ་གདལ་ཕྱིན་པ་ནས་བཟུང་ད་ལྟའི་བར་དུ་ངོ་རྒོལ་གྱི་ལས་འགུལ་ཆེ་ཤོས་སུ་ངོ་འཛིན་བྱེད་བཞིན་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།