རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་གསར་པ་བསྐོ་འཆར།
སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གྷི་རི་ལོཀ་ཡི་ཚབ་ལ་དམངས་གཙོ་ཚོགས་པའི་འཐུས་མི་མེག་སི་བྷ་ཁ་སི་བསྐོ་བཞག་བྱེད་རྒྱུའི་མིང་འདོན་གནང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས་ཨ་རིའི་གནད་ཡོད་ཀྱི་ཆབ་སྲིད་མི་སྣ་ཞིག་པེ་ཅིང་གི་ཨ་རིིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་པ་ནི་ཨོ་བྷ་མས་རྒྱ་ནག་གལ་གནད་དུ་འཛིན་པ་རེད་ཅེས་བརྗོད་འདུག

ཟླ་སྔོན་མའི་ནང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གྷེ་རི་ལོཀ་(Gary Locke)ཡིས་གཞུང་ཚབ་ཀྱི་ལས་གནས་ནས་དགོངས་ཞུ་བྱེད་རྒྱུའི་གསལ་བསྒྲགས་སྤེལ་བའི་རྗེས།ཁོང་གི་ཚབ་ལ་སུ་ཞིག་བསྐོ་བཞག་བྱེད་རྒྱུ་ཡིན་མིན་ཐད་གླེང་སློང་ཤུགས་ཆེན་བྱུང་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས་༡༨ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་གིས་བརྒྱུད་ལམ་ཁག་ཏུ། “སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་མེག་སི་བྷ་ཁ་སི་(Max Baucus) ལགས་རྒྱ་ནག་གི་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་འཆར་ཡོད་པ་དང་། གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་པ་ཡིན་ན་ཁོང་གིས་སྐུ་ཞབས་གྷེ་རི་ལོཀ་ཡི་ཚབ་ལ་ལས་ཁུར་བྱེད་རྒྱུ་ཡིན་”སྐོར་བརྗོད་འདུག
རང་ལོ་༧༢ ཡིན་པའི་མེག་སི་བྷ་ཁ་སི་ལགས་ནི་ཨ་རིའི་མཎ་ཌ་ན་མངའ་སྡེའི་མི་ཡིན་ཞིང་། ༡༩༧༨ ལོར་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་བ་དང་། དམངས་གཙོ་ཚོགས་པའི་ཆབ་སྲིད་མི་སྣ་གནད་ཡོད་ཅིག་ཡིན་འདུག ད་ལྟའི་ཆར་གྲོས་ཚོགས་གོང་མའི་དངུལ་རྩ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་ཡོད་པ་དང་། ད་ལོའི་ཕྱི་ཟླ་༤ པའི་ནང་བསྐྱར་དུ་འོས་འགྲན་ནང་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། སྲིད་འཛིན་ཨོ་བྷ་མའི་ལས་ཁུར་ཐོག་མའི་སྐབས་མེག་སི་བྷ་སི་ཡིིས་སྨན་བཅོས་ལྟ་སྐྱོང་བསྐྱར་བཅོས་ལས་འཆར་ལ་རམ་འདེགས་བྱས་ཏེ། ཨ་རིའི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཐུབ་པ་བྱུང་ཡོད་འདུག མེག་སི་བྷ་སི་ཡིས་ལོ་དུ་མའི་རིང་གི་ཆབ་སྲིད་ཀྱི་བྱ་བཞག་ཁྲོད་ཚོང་འབྲེལ་ཕྱོགས་ནས་ཉམས་མྱོང་ཆེན་པོ་བསགས་ཡོད་པ་དང་། ཨ་རིའི་ཚོང་རོགས་ཆེ་ཤོས་ཨང་གཉིས་པར་གྲགས་པའི་རྒྱ་ནག་ཏུ་གཞུང་ཚབ་ཆེན་མོ་རུ་བསྐོས་པ་ནི། ཁོང་གི་ངོས་ནས་བཤད་ན་གོ་སྐབས་རྩ་ཆེན་ཞིག་ཆགས་ཡོད་པ་རེད།