རྒྱ་ནག་དང་ལྷན་བོད་ནང་འགྲོ་འོང་གི་གོ་སྐབས་འདྲ་མཉམ་བརྗེ་ལེན་དགོས་པའི་གྲོས་ཆོད་འཇོག་རོགས། 

ཟླ་འདིའི་ཚེས་༢༦ ཉིན་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་གྲོས་ཚོགས་འོག་མའི་ཚོགས་གཙོ་གཙོས་ཆབ་སྲིད་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་གྲོས་ཚོགས་འོག་མའི་ཚོགས་གཙོ་གཙོས་ཆབ་སྲིད་ཚོགས་པ་ཁག་གི་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་བྱས་ཡོད་པ་རེད།

སྐུ་ཞབས་ཊིམ་ལུབ་ཊོན་(Tim Loughton) གྱིས་ཚོགས་འདུག་གཙོ་སྐྱོང་འོག་ཕེབས་བསུའི་གསུང་བཤད་གནང་བ་དང་། དབྱིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷེར་ཀའོ་(Hon Speaker John Berco) ཡིས། བོད་མི་ཚོས་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་ལ་རྒྱུས་མངའ་ཡོད་པ་མ་ཟད། བོད་མི་ཚོས་སྙིང་སྟོབས་དང་ལྷག་བསམ་ཐོག་ནས་ཁྲིམས་མཐུན་གྱི་བདག་དབང་རྩོད་བཞིན་པའི་གནས་སྟངས་སྐོར་ཤེས་རྟོགས་ཡོད་སྐོར་དང་། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་སླར་ཡང་མཇལ་བར་དགའ་ཚོར་དང་སྦྲགས། བོད་མིའི་མགྲིན་ཚབ་པ་སྐུ་བགྲེས་པ་ཞིག་ཡིན་སྐོར་སོགས་གསུངས་འདུག

ཁོང་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱང་སྐབས་མཇལ་འཕྲད་བྱུང་བ་རྣམས་དྲན་གསོ་ཞུས་པ་མ་ཟད།   ལྷག་པར་དེ་སྔ་ཕྱི་ལོ་༢༠༡༢ ཕྱི་ཟླ་༦ ནང་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུ་སྐབས།  བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ཊིམ་ལུབ་ཊོན་དང་། ནོར་མན་བྷེ་ཀར་(Norman Baker) རྣམ་གཉིས་སྐབས་དེར་དབྱིན་གཞུང་གི་བློན་ཆེན་ཡིན་སྟབས།  གསོལ་ཚིགས་སྐབས་མགྲོན་འབོད་མ་ཞུས་པ་རེད། དེ་ནི་གཙོ་བོ་རྒྱ་ནག་གཞུང་ལ་ཁོང་ཁྲོ་མི་སློང་ཆེད་གནང་བ་ཞིག་ཡིན་པ་དྲན་གསོ་གནང་འདུག

ཕྱོགས་མཚུངས་ལྷན་ཚོགས་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམས་ལའང་ཡི་རངས་བསྔགས་བརྗོད་གནང་བ་དང་སྦྲགས། ཁོང་རྣམས་ནི་བོད་མིའི་ཐོབ་ཐང་འཐབ་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ཡིན་སྐོར་གསུངས་ནས། ཁོང་གིས་ “ང་ཚོས་བོད་མི་དང་བོད་དོན་ཐོག་འཛེམས་ཟོན་མེད་པའི་ཐོག་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད།  བོད་ཀྱི་གནད་དོན་བདག་སྤྲོད་བྱ་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ་གནད་འགག་ཆེན་པོ་རེད་“ཅེས་གསུངས།

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས།  ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷེར་ཀའོ་མཆོག་ཐེངས་འདིར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐོག་ཕེབས་པ་ནི་ཆེས་ཐོག་མ་ཡིན་པ་མ་ཟད།  ཚོགས་གཙོ་མཆོག་གིས་གྲོས་ཚོགས་འོག་མའི་ནང་ཟུར་ཉན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བཅར་ཡོད་སྐོར་གསུངས་པ་དེའང་ཆེས་ཐོག་མ་ཡིན་སྟབས།  རྣམ་འགྱུར་དེ་དག་གིས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེ་ཞིག་བཏང་བ་དང་།  ལྷག་པར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ།  རང་དབང་ལྡན་པའི་འཛམ་གླིང་ཕྱི་ཕྱོགས་ནས་ཁོང་རྣམ་པར་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པའི་རེ་བའི་བརྡ་ལན་གསར་པ་ཞིག་སྦྱིན་ཡོད་སྐོར་གསུངས།

དེ་ནས་དཔལ་ལྡན་སྲིད་སྐྱོང་གིས་“བོད་ཀྱི་ཉམས་མྱོང་གཞི་ལ་བཞག་ནས།  དེང་སྐབས་ཡུ་རོབ་ཁུལ་དུ་རྒྱ་ནག་གི་ས་བབ་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་དཔྱད་པ།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། སྲིད་སྐྱོང་གིས་ཨ་རིའི་རང་དབང་ཁང་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་ཆེ་ཤོས་ཨང་དང་པོ་སི་རི་ཡ་དང་། གཉིས་པ་བོད།  ལོ་བསྟུད་མར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་འཛམ་གླིང་ཁྱོན་དུ་སྡུག་ཤོས་ཨང་གཉིས་པ་ཡིན་པ་སྙན་ཐོའི་ནང་ཐོན་པའི་སྐོར་དང་། ལྷག་པར་དབྱིན་གཞུང་ནས་ཀྱང་དེ་སྔ་ཨ་རི་ལྟར། རྒྱ་ནག་དང་ལྷན་བོད་ནང་འགྲོ་འོང་གི་གོ་སྐབས་འདྲ་མཉམ་བརྗེ་ལེན་དགོས་པའི་གྲོས་ཆོད་ཁྲིམས་མཐུན་གཏན་འབེབས་གནང་ཐབས་ཡོང་བའི་རེ་འདུན་ཞུས་འདུག

དེ་བཞིན་སྲིད་སྐྱོང་གིས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་སྐབས།  གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་གི་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས།  ཉེ་ལམ་ལ་ཏི་ཝི་ཡའི་རྒྱལ་སར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཐེངས་བདུན་པ་ཚུགས་སྐབས། བལ་ཡུལ་ནས་གྲོས་ཚོགས་འཐུས་མི་གཉིས་ལྷན་ཚོགས་སུ་བཅར་ཡོད་ཀྱང་། རྗེས་སུ་ཁོང་གཉིས་རང་གནས་སུ་ལོག་རྗེས་འབྲེལ་ཡོད་ཆབ་སྲིད་ཚོགས་པས་བཀའ་བཀྱོན་བཏང་སྐོར་ལུང་འདྲེན་གནང་འདུག

གཞན་ཡང་སྲིད་སྐྱོང་གིས་དེང་སྐབས་རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག ཟེར་བའི་སྲིད་བྱུས་འོག་དེ་སྔ་བོད་ནང་བཙན་འཛུལ་བྱས་པ་ལྟར། འཇམ་མཁས་ཀྱི་སྲིད་བྱུས་དེའི་འོག་རྒྱལ་སྤྱིའི་ཁྱོན་དུ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་གཞན་ཚོས་བོད་ནང་དེ་སྔ་ཕྱི་ལོ་༡༩༥༩ དང་༡༩༦༠ ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་དང་། དཔལ་འབྱོར་ཡར་རྒྱས་ཀྱི་གོ་སྐབས་ཡོད་ཚུལ་བཤད་ནས་རིམ་བཞིན་བོད་ས་དབང་སྒྱུར་བྱས་པར་བརྟེན།  བོད་ནས་བློ་སྐྱེད་ལེན་དགོས་པ་དྲན་སྐུལ་ཞུས།

དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་བཞིན་པ་དེ་ནི། རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱབ་འགལ་མི་འགྲོ་བ་དང་། དབྱིན་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་གནང་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཆེད་དབྱིན་གཞུང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་སོགས་གསུངས་རྗེས་དྲི་བ་དྲིས་ལན་གནང་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།