རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་མངའ་ཁུལ་བདག་དབང་ཐད་རྩོད་རྙོག་ཆེན་པོ་འབྱུང་བཞིན་ཡོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ནང་(Palawan)ཟེར་བའི་གླིང་ཕྲན་ཞིག་དང་འབྲེལ་ནས་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཀྱི་བར་གདོང་ཐུག་ཡང་ཡང་འབྱུང་གི་ཡོད་པ་བཞིན། ཟླ་བ་སྔོན་མའི་ནང་ཡང་རྒྱ་ནག་གིས་དམག་གྲུ་བཏང་སྟེ་ཧྥི་ལི་ཕིན་གྱི་དམག་གྲུ་ལ་བརྡུངས་ནས། ཧྥི་ལི་ཕིན་གྱི་དམག་གྲུར་གཏོར་སྐྱོན་བཏང་བ་སོགས་རྒྱ་ཁབ་གཉིས་བར་གདོང་ཐུག་ཐེངས་འགའ་བྱུང་ཡོད་འདུག
ཕྱི་ཚེས་༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་བ་གོང་མའི་མཇུག་སྟེ་ཚེས་༣༡ ཉིན་ཧྥི་ལི་ཕིན་གྱི་དམག་གྲུ་ཤིག་ལ་རྒྱ་ནག་གི་དམག་གྲུ་ཞིག་གིས་བརྡུངས་ནས་ཧྥི་ལི་ཕིན་གྱི་དམག་གྲུར་གཏོར་སྐྱོན་ཆེན་པོ་བཏང་ཡོད་འདུག་ཀྱང་། རྒྱ་ནག་ནང་དུ་ཧྥི་ལི་ཕིན་གྱི་དམག་གྲུ་ཞིག་གིས་རྒྱ་ནག་གི་གྲུ་གཟིངས་ལ་གཏོར་སྐྱོན་བཏང་ཡོད་ཚུལ་རྫུན་གཏམ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་འདུག འདས་པའི་ཕྱི་ཟླ་༨ པ་གཅིག་པུའི་ནང་རྒྱ་ནག་གིས་ཧྥི་ལི་ཕིན་གྱི་མངའ་ཁུལ་ནང་གྲུ་གཟིངས་ཡོང་སྟེ་ཧྥི་ལི་ཕིན་དང་ལྷན་དུ་གདོང་ཐུག་ཐེངས་༥ བྱུང་ཡོད་འདུག་པ་དང་། རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་གདོང་ཐུག་འབྱུང་ས་གཙོ་བོ་ནི་ནུབ་ཧྥི་ལི་ཕིན་གྱི་མཚོ་ཐོག་ཏུ་ཡིན་འདུག སྤྱིར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་རང་གི་ས་མཚམས་ནས་ཀི་ལི་མེ་ཊར་༢༧༠ ནང་ཁུལ་དུ་ཡོད་པའི་ས་ཆའམ་རྒྱ་མཚོ་ནི་རྒྱལ་ཁབ་དེ་ལ་བདག་དབང་ཡོད་འདུག་ཀྱང་། ད་ལྟ་རྩོད་རྙོག་འབྱུང་སའི་མངའ་ཁུལ་དེ་ནི་ཧྥི་ལི་ཕིན་གྱི་ས་མཚམས་ལས་ཀི་ལོ་མེ་ཊར་༢༣༠ ནང་ཡོད་པའི་གླིང་ཕྲན་(Palawan)ཟེར་བ་དེའི་ཉེ་འགྲམ་དུ་ཡིན་འདུག རྒྱ་ནག་གིས་ད་ཆར་གླིང་ཕྲན་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་ནས་དམག་གི་གྲུ་གཟིངས་བཏང་ནས་དྲག་པོའི་གདོང་ཐུག་རྒྱག་གི་ཡོད་འདུག་ལ།
རྒྱ་ནག་གིས་མངའ་ཁུལ་དེའི་བདག་དབང་རྩོད་དོན་ནི་མངའ་ཁུལ་དེའི་ནང་རང་བྱུང་གི་ཐོན་ཁུངས་རྡོ་སྣུམ་དང་རླངས་རྫས་སོགས་མང་པོ་ཡོད་པས་ཡིན་འདུག་པ་དང་། གཞན་ཡང་མཚོ་ཐོག་ནས་དངོས་ཟོག་དབོར་འདྲེན་བྱེད་དུས་སྟབས་བདེ་པོ་ཡོད་པའི་དབང་གིས་ལོ་ལྟར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༣ རེ་མཚོ་ལམ་དེའི་བརྒྱུད་ནས་ཡོང་གི་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་མངའ་ཁུལ་དེའི་བདག་དབང་རྩོད་ཀྱི་ཡོད་འདུག ད་དུང་མངའ་ཁུལ་དེའི་ནང་མཚོ་ཟས་སྣ་མང་ཡོད་འདུག་པར་བརྟེན། མངའ་ཁུལ་དེ་གལ་སྲིད་རྒྱ་ནག་ལ་དབང་ན་ཨ་སྒོར་ཐེར་འབུམ་མང་པོའི་རང་བྱུང་ཐོན་ཁུངས་ཡོད་འདུག རྒྱུ་མཚན་གཞན་ཞིག་ནི་དམག་དོན་ཐབས་བྱུས་ཀྱི་ཐོག་ནས་རྒྱ་ནག་གིས་མངའ་ཁུལ་དེ་དག་གི་ཉེ་འཁོར་དུ་དམག་གི་རྟེན་གཞི་མང་པོ་གསར་རྒྱག་བྱས་ཡོད་འདུག་པ་དང་། ད་དུང་དམག་གི་རྟེན་གཞི་མང་པོ་ཞིག་གསར་རྒྱག་བྱས་ནས་མངའ་ཁུལ་དེའི་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁབ་དག་ལ་གནོན་ཤུགས་དང་ཤུགས་རྐྱེན་སྤྲོད་རྒྱུ་དམིགས་ཀྱི་ཡོད་པ་སྲིད་དོན་དཔྱད་བརྗོད་པ་དག་གིས་བརྗོད།
ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་རྩོད་རྙོག་བཟོས་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་བྱ་སྤྱོད་དེ་དག་ནི་ཁྲིམས་འགལ་ཡིན་པ་དང་། ཧྥི་ལི་ཕིན་མངའ་ཁུལ་ནང་རྩོད་རྙོག་བཟོས་པ་ནི་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་དང་འགལ་ཡོད་ཅིང་། མངའ་ཁུལ་དེའི་བརྟན་ལྷིང་ལ་གནོད་སྐྱོན་བཏང་བ་རེད་ཅེས་བརྗོད་ཡོད་འདུག ཉེ་ཆར་རྒྱ་ནག་གི་སྲིད་འཛིན་དང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེ་དུས་ལྷོ་རྒྱ་ནག་རྒྱ་མཚོ་ནང་གི་རྩོད་རྙོག་སྐོར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་ཁ་པར་བརྒྱུད་ནས་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་འདུག་ཀྱང་། ཉེ་ཆར་རྩོད་རྙོག་དེ་ལ་བརྟེན་ནས་ད་དུང་ཡང་གྲོས་མོལ་བྱུང་ཡོད་མི་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ཡིས་ཨ་རིའི་ངོས་ནས་རྒྱལ་ཁབ་གཞན་དག་དང་ལྷན་དུ་གྲོས་མཐུན་ལ་ཁ་གཡར་ནས་རྒྱ་ནག་གི་མངའ་ཁུལ་བདག་དབང་ལ་ཉེན་ཁ་བཟོ་ཡི་ཡོད་ཚུལ་བརྗོད་ཡོད་འདུག་ལ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་རྙོག་དེ་དང་འབྲེལ་ནུབ་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱ་ནག་གི་མགྲིན་ཚབ་པས་ཨ་རི་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཞི་བདེ་དཀྲུག་མཁན་ལག་ནག་དེ་ཡིན་པས། ཨ་རིའི་ངོས་ནས་ཚོད་བཟུང་ན་ལེགས་ཚུལ་བརྗོད་འདུག གཟའ་ཟླ་བའི་ཉིན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་གི་གྲུ་༤༠ འགྲེམས་འཇོག་བྱས་ཡོད་འདུག་པ་དང་། ཧྥི་ལི་ཕིན་གྱིས་ཀྱང་དམག་གྲུ་རྣམས་འགྲེམས་འཇོག་བྱས་ཡོད་འདུག ད་ཆར་ཕྱོགས་གཉིས་ཀའི་བར་རྩོད་རྙོག་ཆེན་པོ་འབྱུང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།