རྒྱ་ནག་དང་ཨ་ཧྥི་རི་ཁའི་མཉམ་ལས་ཚོགས་འདུའི་ཐོག་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་གཅིག་མཉམ་ཞུགས་མ་བྱས།
ཟླ་འདིའི་ཚེས་༤ ནས་༦ བར་གྱི་དུས་ཡུན་ཡིན་པའི་ཕྱི་ལོ་༢༠༢༤ ལོའི་རྒྱ་ནག་དང་ཨ་ཧྥི་རི་ཁའི་མཉམ་ལས་ཚོགས་འདུ་ཐེངས་དགུ་པ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་བཞིན་ཡོད་འདུག་པ་དང་། ཚོགས་འདུའི་ཐོག་ཨ་ཧྥི་རི་ཁའི་རྒྱལ་ཁབ་༥༣ གྱི་འགོ་ཁྲིད་དང་སྐུ་ཚབ་མི་སྣ་མཉམ་ཞུགས་གནང་ཡོད་ན་ཡང་། མི་འབོར་ས་ཡ་གཅིག་ལྷག་ཡོད་པའི་(Eswatini) ་ཞེས་པའི་རྒྱལ་ཁབ་དེ་ཚོགས་འདུ་ལ་མཉམ་ཞུགས་བྱས་མེད་ཅིང་། རྒྱལ་ཁབ་དེ་ནི་ཐའེ་ཝན་དང་ཕྱི་འབྲེལ་ཡོད་མཁན་གྱི་ཨ་ཧྥི་རི་ཁའི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་དང་། རྒྱལ་ཁབ་དེེས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ཁས་ལེན་བྱེད་ཀྱི་མེད་པ་རེད་འདུག ཐེངས་འདིར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་བཞིན་པའི་ཚོགས་འདུ་དེ་ནི་ཕྱི་ལོ་༢༠༡༨ ནས་བཟུང་ཐེངས་དང་པོ་དེ་ཡིན་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་ལོ་གཅིག་ནང་གི་གཞུང་འབྲེལ་གྱི་བྱེད་སྒོ་ཆེ་ཤོས་སུ་གྱུར་ཡོད་འདུག
ཚོགས་འདུ་དེ་གཙོ་བོ་རྒྱ་ནག་དང་ཨ་ཧྥི་རི་ཁའི་བར་གྱི་འབྲེལ་ལམ་ཇེ་ཡག་ཏུ་གཏོང་རྒྱུའི་ཆེད་ཡིན་པ་དང་། ཟླ་འདིའི་ཚེས་༥ ་ཉིན་ཚོགས་འདུའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་༥༡ གི་མ་དངུལ་སྤྲད་རྒྱུའི་ཁས་ལེན་བྱས་པ་དང་། རྒྱ་གཞུང་གིས་གླིང་ཆེན་དེའི་ནང་རྨང་གཞིའི་འཛུགས་སྐྲུན་ལས་གཞི་༣༠ ལ་རྒྱབ་སྐྱོར་དང་མ་འོངས་ལོ་ངོ་གསུམ་གྱི་རིང་རྒྱ་སྒོར་ཐེར་འབུམ་༣༦༠ གྱི་རོགས་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག
འདས་པའི་ལོ་ངོ་བཅུ་ལྷག་གི་རིང་། རྒྱ་གཞུང་གིས་ཨ་སྒོར་ཐེར་འབུམ་༡༢༠ ལྷག་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་ཨ་ཧྤི་རི་ཁར་བཏང་ནས་གླིང་ཆེན་ཡོངས་སུ་ཆུ་གློག་བཟོ་གྲྭ་དང་ལྕགས་ལམ། གཞུང་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་བྱས་ཡོད་འདུག
རྒྱ་གཞུང་གིས་ཨ་ཧྥི་རི་ཁའི་ནང་མ་འཇོག་དེ་ལྟར་བྱས་པ་བརྒྱུད་རྒྱ་གཞུང་ལ་ཨ་ཧྥི་རི་ཁའི་ནུས་ཤུགས་(Energy) ་དང་གཏེར་ཁའི་ཐོན་ཁུངས་གཞན་ལས་ལྷག་སྤྱོད་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་ཟད། རྒྱ་གཞུང་གི་བཟོ་གྲྭ་ཁག་གི་ཐོན་སྐྱེད་ལྷག་ལུས་རྣམས་ཡུལ་ལུང་དེ་དག་ལ་ཕྱིར་འདྲེན་བྱེད་རྒྱུ་ལ་ཕན་ཐོགས་བྱུང་ཡོད་འདུག
ཕྱོགས་གཞན་ཞིག་ནས་ཨ་ཧྤི་རི་ཁའི་རྒྱལ་ཁབ་མང་པོས་རྒྱ་ནག་གི་རྩ་ནས་བུ་ལོན་ཕོན་ཆེན་གཡར་ནས་ད་ལྟའི་ཆར་བུ་ལོན་ཕྱིར་འཇལ་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་གི་ནང་དུ་ལྷུང་ཡོད་ན་ཡང་། རྒྱ་ནག་ནི་ད་དུང་ཡང་ཨ་ཧྥི་རི་ཁའི་ཕྱི་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་དེ་ཆགས་ཡོད་འདུག
བྷོ་སི་ཊོན་(Boston) གཙུག་ལག་སློབ་ཆེན་གྱི་གོ་ལའི་འཕེལ་རྒྱས་སྲིད་བྱུས་ལྟེ་གནས་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གིས་ཨ་ཧྥི་རི་ཁར་བུ་ལོན་གཡར་བའི་ཚད་གཞི་དེ་ཕྱི་ལོ་༢༠༠༠ ལོར་ཨ་སྒོར་ས་ཡ་༩༨.༧ ནས་ཕྱི་ལོ་༢༠༡༦ ་ལོར་ཨ་སྒོར་ཐེར་འབུམ་༢༨.༨ བར་འཕར་ཏེ་མཐོ་ཤོས་སུ་སླེབས་ཏེ། རྒྱ་ནག་ནི་ཨ་ཧྥི་རི་ཁ་ལ་བུ་ལོན་གཡར་མཁན་ཆེ་ཤོས་སུ་གྱུར་ཡོད་འདུག ཡིན་ཡང་ཉེ་བའི་ལོ་ཤས་ནང་བུ་ལོན་གཡར་བའི་ཚད་གཞི་དེ་ཧ་ཅང་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་དང་བསྟུན་ནས་ན་ནིང་ཨ་སྒོར་ཐེར་འབུམ་༤.༦ ལས་གཡར་ཐུབ་མེད་པ་རེད་འདུག
འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་སོགས་ནུབ་ཕྱོགས་པའི་སྒྲིག་འཛུགས་ཁག་གིས་བུ་ལོན་གཡར་བར་ཆ་རྐྱེན་དམ་པོ་བཞག་ཡོད་པར་བརྟེན། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ནས་དངུལ་གཡར་བ་ནི་གདམ་ཁ་གཞན་མེད་པའི་དབང་གིས་ཡིན་འདུག
ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གིས་བུ་ལོན་གཡར་རྒྱུ་མང་དུ་ཕྱིན་པས་རྒྱལ་ཁབ་གི་སྔོན་རྩིས་ལ་གནོན་ཤུགས་ཐེབས་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱབ་སྐྱོར་བྱས་པའི་ལས་གཞི་མང་པོ་ཞིག་ཀྱང་རེ་བ་ལྟར་ལེགས་པོ་བྱུང་མེད་པ་དང་། ལྷག་པར་དུ་རྒྱ་ནད་ཁྱབ་བརྡལ་དབང་གིས་ལས་གཞི་མང་པོར་ཤུགས་རྐྱེན་ཐེབས་ཡོད་འདུག
ཕྱི་ལོ་༢༠༢༠ ལོར་ཛམ་བི་ཡས་(Zambia) ་བུ་ལོན་འཇལ་མ་ཐུབ་པས་ཨ་ཧྥི་རི་ཁའི་ནང་རྒྱ་ནག་གི་བྱེད་སྒོར་བསྐྱར་དུ་ཞིབ་འཇུག་བྱེད་དགོས་པ་བཟོས་ཡོད་འདུག དེ་དང་དེ་བཞིན་རྒྱལ་ཁབ་མང་པོར་དཀའ་ངལ་དེ་བཞིན་འཕྲད་ཉེ་ཡོད་ན་ཡང་། ཨ་ཧྥི་རི་ཁའི་འགོ་ཁྲིད་མང་པོས་རྒྱ་ནག་ནི་རོགས་ཟླ་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད་འདུག རྒྱ་གཞུང་གིས་ཀྱང་ཨ་ཧྥི་རི་ཁའི་ནང་རང་ཉིད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།