རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་བར་ཐུག་འཕྲད་བྱེད་རྒྱུ་རེད་འདུག
ཟླ་འདིའི་ཚེས་༡༤ ཉིན་(South china morning post) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་མཉམ་ཞུགས་བྱེད་རྒྱུ་དང་། ཚོགས་འདུའི་ཞོར་དུ་ཨུ་རུ་སུ་སྲིད་འཛིན་དང་ལྷན་དུ་ཐུག་འཕྲད་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཧྲང་ཧེ་མཉམ་ལས་ལྷན་ཚོགས་ཀྱི་ལོ་འཁོར་ལྷན་ཚོགས་དེ་ཟླ་འདིའི་ཚེས་༡༥ ནས་ཉིན་གཉིས་ཀྱི་རིང་ཨུ་ཛུ་བྷེ་ཁི་སི་ཐན་དུ་འཚོགས་རྒྱུ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཡང་ཚོགས་འདུ་ལ་མཉམ་ཞུགས་བྱེད་རྒྱུ་དང་ཞོར་དུ་ཨུ་རུ་སུའི་སྲིད་འཛིན་དང་ལྷན་དུ་ཐུག་འཕྲད་བྱེད་རྒྱུ་རེད་འདུག སྤྱི་ལོ་༢༠༢༠ ནས་བཟུང་ད་ལྟའི་བར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱལ་ཁབ་གཞན་དུ་བསྐྱོད་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། འདས་པའི་ལོ་ངོ་གཉིས་ཀྱི་རིང་། རྒྱལ་ཁབ་ཕན་ཚུན་འབྲེལ་བ་དང་ཚོགས་འདུ་སོགས་དྲྭ་ལམ་བརྒྱུད་ནས་ཚོགས་ཡོད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་ངོ་གཉིས་ཀྱི་རིང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་པའི་དབང་གིས་རྒྱ་ནག་གི་དཔལ་འབྱོར་ལ་ཡང་གྱོང་གུན་ཆེ་མོ་རག་ཡོད་པར་བརྟེན། ཐེངས་འདིའི་ཞི་ཅིང་ཕིང་གི་ཕྱིར་བསྐྱོད་དེ་གལ་ཆེན་ཆགས་ཡོད་འདུག
གནས་ཚུལ་དབྱེ་ཞིབ་པ་ཚོགས་བརྗོད་གསལ་ལྟར་ན། ཨ་རྒྱ་གཉིས་ཀྱི་འབྲེལ་བ་ལེགས་པོ་མེད་པ་དང་ལྷག་པར་དུ་ལོ་འདིའི་ཕྱི་ཟླ་བཅུ་པའི་ནང་རྒྱ་ནག་དམག་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠ པ་དེ་འགོ་འཛུགས་བྱེད་ཀྱི་ཡོད་པར་བརྟེན། ཞི་ཅིང་ཕིང་གིས་ཨུ་རུ་སུ་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་ཡག་ཏུ་གཏོང་རྒྱུ་ཙམ་མིན་པ། རྒྱ་ནག་ནང་གི་ཆབ་སྲིད་ལ་ཡིད་ཆེས་ཡོང་རྒྱུའི་དོན་དུ་ཐེངས་འདི་ཕྱིར་བསྐྱོད་བྱས་ཡོད་རབས་བརྗོད་འདུག
ལོ་འདིའི་ཕྱི་ཟླ་གཉིས་པའི་ནང་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་མ་བྱེད་པའི་སྔོན་དུ་རྒྱ་ནག་གི་སྲིད་འཛིན་ཞིང་ཅིང་ཕིང་དང་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གཉིས་ཐུག་འཕྲད་བྱས་ཡོད་པ། ཡུག་རེན་ནི་རྒྱ་ནག་གི་ཚོང་ཤག་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་གི་སྐྱོན་བརྗོད་ལས་གཡོལ་ཐབས་བྱེད་ཀྱི་ཡོད་པའི་དབང་གིས་རྒྱ་ནག་གིས་ཨུ་རུ་སུའི་ཕྱོགས་སུ་ལང་རྒྱུ་ལ་ཐེ་ཚོམ་བྱེད་བཞིན་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་ཡང་བདུན་ཕྲག་འདིའི་ནང་དུ་འཚོགས་རྒྱུ་དང་སྐབས་དེའི་ཚོགས་ཐོག་ཏུ་ཡུག་རེན་གྱི་གནད་དོན་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་བརྗོད་གཞི་ཐོག་ལ་གླེང་སློང་བྱེད་སྲིད་པས་ཐེངས་འདིའི་ཨུ་རུ་སུ་དང་རྒྱ་ནག་གི་སྲིད་འཛིན་བར་གྱི་ཐུག་འཕྲད་དེ་ཡང་གནས་ཚུལ་དེ་དག་དང་འབྲེལ་བ་ཡོད་རབས་བརྗོད་བཞིན་འདུག
གནས་ཚུལ་དབྱེ་ཞིབ་པ་འགའ་ཤས་ཀྱིས་ད་ལྟའི་བར་དུ་རྒྱ་ནག་གིས་ཨུ་རུ་སུ་དང་མཉམ་འབྲེལ་བྱེད་ཀྱི་མེད་རབས་ཇི་ལྟར་བརྗོད་ཀྱང་། ནུབ་ཕྱོགས་པ་ཚོས་དཔལ་འབྱོར་ཉེས་ཆད་བཅད་པ་སོགས་ཀྱིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་ཕྱི་འབྲེལ་དང་དཔལ་འབྱོར་གྱི་ཆ་ནས་ཐག་ཉེ་རུ་འགྲོ་སྲིད་རབས་བརྗོད་བཞིན་འདུག
ཉེ་ཆར་ཨུ་རུ་སུས་གོ་སྒྲིག་བྱས་པའི་དམག་སྦྱོང་གི་ནང་དུ་རྒྱ་ནག་འཛུལ་ཞུགས་བྱས་ཡོད་པའི་དབང་གིས། ཉི་ཧོང་གིས་ཀྱང་རྒྱ་ནག་དང་ཨུ་རུ་སུ་བར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པའི་དྭོགས་པ་བྱེད་བཞིན་ཡོད་འདུག
རྒྱ་ནག་དང་དབུས་ཨེ་ཤི་ཡའི་བར་དུ་ཕྱི་འབྲེལ་བཙུགས་ནས་ད་བར་ལོ་ངོ་༣༠ འཁོར་གྱི་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༠༡ ལོར་ཧྲང་ཧེ་མཉམ་ལས་ལྷན་ཚོགས་བཙུགས་ནས་བཟུང་། རྒྱ་ནག་དང་དབུས་ཨེ་ཤི་ཡའི་བར་དུ་དཔལ་འབྱོར་གྱི་ཐོག་ནས་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།