རྒྱ་ནག་དབུས་ཁུལ་དུ་དྲག་ཆར་གྱི་དཀའ་ངལ།
རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་ཧྥང་ཧཱང་ས་ཁུལ་དུ་ཡོད་པའི་གྲགས་ཅན་གནའ་རབས་གྲོང་སྡེ་ཞིག་ཏུ་རེས་གཟའ་ལྷག་པའི་ཉིན། ཆར་ཞོད་དྲག་པོ་འབབ་པའི་རྐྱེན་གྱིས་གྲོང་སྡེ་ཡོངས་རྫོགས་ཆུའི་འོག་ཤོར་ཏེ་མི་སྟོང་ཕྲག་མང་པོ་ས་གནས་དེ་ནས་ཕྱིར་ཐོན་དགོས་བྱུང་འདུག
རྒྱ་ནག་ཧུ་ནན་ཞིང་ཆེན་གྱི་ཧྥང་ཧཱང་ས་ཁུལ་དུ་ཡོད་པའི་གྲགས་ཅན་གནའ་རབས་གྲོང་སྡེ་ཞིག་ཏུ་རེས་གཟའ་ལྷག་པའི་ཉིན། ཆར་ཞོད་དྲག་པོ་འབབ་པའི་རྐྱེན་གྱིས་གྲོང་སྡེ་ཡོངས་རྫོགས་ཆུའི་འོག་ཤོར་ཏེ་མི་སྟོང་ཕྲག་མང་པོ་ས་གནས་དེ་ནས་ཕྱིར་ཐོན་དགོས་བྱུང་འདུག
གྲོང་སྡེ་དེའི་མཛེས་སྡུག་ལྡན་པའི་ཁང་པའི་བཟོ་བཀོད་ནི་མི་ལོ་བརྒྱ་ཕྲག་གོང་གི་རྒྱ་ནག་གི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་བཟོས་པ་ཞིག་ཡིན་པ་དང་། རེས་གཟའ་ལྷག་པའི་ཉིན་ དྲག་ཆར་ཆེན་པོ་འབབ་པའི་རྐྱེན་གྱིས་གྲོང་སྡེ་ཡོངས་རྫོགས་ཆུའི་འོག་ཏུ་ཤོར་འདུག
གྲོང་སྡེ་དེའི་ནང་ཉིན་ལྟར་མི་༣༠,༠༠༠ ལྷག་ཙམ་ལྟ་སྐོར་རུ་ཡོང་གི་ཡོད་པ་དང་། ས་ཆ་དེ་ནི་འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་ཁོངས་སུ་ཡོད་པ་རེད།
དེ་བཞིན་གནོད་སྐྱོན་དེར་བརྟེན་ནས་གྲོང་སྡེའི་ནང་གི་གློག་ཆ་ཚང་བཅད་ཡོད་པ་དང་། ཧྥང་ཧཱང་དང་དེའི་ཉེ་འཁོར་གྱི་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་ཁྱོན་མི་གྲངས་༡༢༠,༠༠༠ ཙམ་ས་གནས་དེ་ནས་ཐོན་དགོས་བྱུང་འདུག་ལ། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་༤༠༠༠ ཙམ་ལ་གནོད་སྐྱོན་ཕོག་ཡོད་པ་མ་ཟད། ཉིན་དེར་མེ་འཁོར་༤༠ ཙམ་གྱི་འགྲུལ་བསྐྱོད་མཚམས་འཇོག་བྱས་དགོས་བྱུང་འདུག
དྲག་ཆར་གྱི་དཀའ་ངལ་དེ་འདྲ་ལོ་ལྟར་དབྱར་ཁ་དང་དཔྱིད་ཀའི་དུས་སུ་བྱུང་གི་ཡོད་ཀྱང་། ད་རེས་ཀྱི་གནས་ཚུལ་ལྟ་བུ་ཚབས་ཆེན་དེ་འདྲ་སྔོན་ཆད་བྱུང་མྱོང་མེད་པ་རེད།
རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེན་སྐྱོབ་པ་མི་སྣ་༡༢༠༠ ཙམ་གྱིས་རོགས་སྐྱོར་ལས་དོན་སྤེལ་བཞིན་ཡོད་ཅིང་། མིག་སྔར་མི་༣ ནས་༡༤ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟ་མུ་མཐུད་དུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།།