རྒྱ་ནག་དམར་པོའི་སྲིད་གཞུང་“འཐོར་”ལ་ཉེ་བ་ཡོད་སྐོར་གསུངས་འདུག
རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་དབང་ཆེན་པོ་ཞིག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་“འཐོར་ཞིག་”གི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱིས་དེ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་གྲ་སྒྲིག་བྱེད་དགོས་སྐོར་གསུངས་ཡོད་འདུག
རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་དབང་ཆེན་པོ་ཞིག་གིས་རྒྱ་ནག་དམར་པོའི་སྲིད་གཞུང་“འཐོར་ཞིག་”གི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དང་། ནུབ་ཕྱོགས་ཀྱིས་དེ་ལ་ཇི་ལྟར་གདོང་ལེན་བྱེད་དགོས་པའི་ཐད་གྲ་སྒྲིག་བྱེད་དགོས་སྐོར་གསུངས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༦ ཉིན་རྒྱལ་སྤྱིའི་ཨེ་ཕོག་གསར་ཁང་(The Epoch Times) ནས་རྒྱ་ནག་གི་ལོ་རྒྱུས་ཉམས་ཞིབ་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་སློབ་དཔོན་ཆེན་མོ་ཨོ་ཐོར-ཝོལ་ཌན་(Arthur Waldron)ལ་བཅར་འདྲི་བྱས་པའི་བརྙན་ཐུང་དང་རྩོམ་ཞིག་སྤེལ་བའི་ནང་། སློབ་དཔོན་ཁོང་གིས་ཨ་རིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གཡོར་ཐབས་བྲལ་བའི་འཐོར་ཞིག དེ་བཞིན་མཚམས་འཇོག་མེད་པའི་ཧོང་ཀོང་གི་ངོ་རྒོལ་བཅས་ཀྱི་ཐད་ལ་དགོངས་ཚུལ་གསུངས་ཡོད་འདུག
སློབ་དཔོན་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པ་ནི་ཕྱི་ལོ་༡༩༩༡ ལོར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཉམས་ཆག་ཕྱིན་པའི་དུས་སྐབས་ལྟར་འཐོར་ཞིག་ཏུ་འགྲོ་བའི་ལམ་དུ་ཞུགས་ཟིན་ཚུལ་གསུངས་འདུག་སྟེ། ཁོང་གིས་“ངས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བའི་རིམ་པ་ལ་སླེབ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། [འོན་ཀྱང་]གནས་ཚུལ་དེ་ལམ་སེང་མཐོང་གི་མ་རེད་”ཅེས་གསུངས་ཡོད་འདུག
སློབ་དཔོན་ཝོལ་ཌན་གྱིས་གསུངས་པ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་དབང་ཤེད་ཀྱིས་མིའི་དོན་ལྔ་ལེན་པ་དང་། (མིའི་དོན་ལྔ་ཉོ་ཚོང་གི་ཁྲོམ་རྭའི་དགོས་མཁོ་སྐོང་ཆེད་རྒྱ་ནག་སྲིད་གཞུང་གིས་ལོ་རེར་ཉེས་མེད་ཀྱི་བཙོན་པ་ཁྲི་ཕྲག་མང་པོ་གསོད་པའི་ཚོད་དཔག་བྱེད་ཀྱི་ཡོད།) ཡུ་གུར་མི་རིགས་ཀྱིས་མཚོན་པའི་ཤིང་ཅང་གི་གྲངས་ཉུང་མི་རིགས་རྣམས་ལ་བཙན་གནོན་དྲག་པོ་བྱེད་པ་གཉིས་ལ་བརྟེན་ནས་། རྒྱ་ནག་སྲིད་གཞུང་དེ་ཇར་མན་གྱི་ནཱ་ཟི་རྫིའི་སྲིད་གཞུང་རྗེས་སུ་འཛམ་གླིང་སྟེང་གི་“སྲིད་གཞུང་གདུག་རྩུབ་ཆེ་ཤོས་དེ་”ཆགས་ཡོད་འདུག
གཞན་ཡང་སློབ་དཔོན་ཝོལ་ཌན་གྱིས་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་སློབ་སྟོན་པ་ཉེ་བོ་ཞིག་(མིང་བརྗོད་མི་འདུག)དང་གླེང་མོལ་བྱས་པའི་སྐོར་དྲན་གསོ་གནང་བ་དང་། ཁོང་གིས་སློབ་སྟོན་པ་དེས་“ཝོལ་ཌན། ད་ནི་ང་ཚོས་ཅི་ཞིག་བྱ་དགོས་སམ། མི་ཚང་མས་[ཆབ་སྲིད་ཀྱི]ལམ་ལུགས་འདི་མི་ཡོང་བ་ཤེས་ཀྱི་ཡོད། ད་ནི་ང་ཚོ་ལམ་གྱི་མཐའ་རུ་སླེབས་ཡོད། ང་ཚོས་གོམ་པ་རྗེས་མ་གང་ཞིག་སྤོ་དགོས་ཤེས་ཀྱི་མི་འདུག རྒྱུ་མཚན་ནི་ང་ཚོའི་མཐའ་འཁོར་ཡོངས་ལ་འབར་རྫས་ཀྱི་ཁེངས་ཤིང་། གོམ་པ་གཅིག་བརྒྱབས་ན་འབར་རྫས་ཆེན་པོ་ཞིག་འགད་པའི་ཉེན་ཁ་ཡོད་”ཅེས་བཤད་བྱུང་ཚུལ་གསུངས་འདུག
རྒྱ་ནག་གི་དཔལ་འབྱོར་སྔོན་ཆད་ལྟར་ཡར་རྒྱས་འགྲོ་ཡིི་མེད་པའི་ཐོག འདི་ལོར་ལོ་ངོ་ ༢༧ ནང་འབྱུང་མྱོང་མེད་པའི་ཉམས་ཆག་ཕྱིན་ཡོད་པ་དང་། དཔལ་འབྱོར་རིག་པ་མཁས་པ་ཚོས་ཉམས་ཆག་དེ་ཕྱི་འདྲེན་ཚོང་ལས་དང་། ལྷག་པར་དུ་བཟོ་སྐྲུན་གྱི་སྡེ་ཚན་དང་འགྲེལ་བ་ཡོད་ཚུལ་བརྗོད་ཀྱི་ཡོད་འདུག
ཨ་རིས་རྒྱ་ནག་ལ་བཟུང་པའི་སྲིད་བྱུས་ཐད་ལ། སློབ་དཔོན་ཁོང་གིས་“ཁིན་སར་(Kissinger)གྱིས་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་དང་། ནིག་སོན་(Nixon)གྱིས་རྒྱ་ནག་ལ་བཟུང་བའི་སྲིད་བྱས་ནི་ཕྱིའི་རྒྱལ་ཁབ་དང་འབྲེལ་བའི་ཨ་རིའི་སྲིད་བྱུས་ཆེས་སྡུག་ཤོས་གཅིག་པུ་དེ་ཆགས་ཡོད་”ཅེས་གསུངས་འདུག
ཨ་རིས་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་འབྲེལ་བ་མི་བྱེད་པར་རྒྱ་ནག་ཁེར་རྐྱང་དུ་འཕུད་པའི་སྲིད་བྱུས་བཟུང་རྗེས། སྲིད་འཛིན་ནིག་སོན་གྱི་འོག་ཏུ་ཡོད་པའི་ཕྱི་སྲིད་དྲུང་ཆེ་ཁིན་སར་ཕྱི་ལོ་༡༩༧༡ ལོར་རྒྱ་ནག་ཏུ་ཕྱིན་ནས་ཨ་རི་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གྱི་སྒོ་ཕྱེས་ཡོད།
སྐབས་དེ་དུས་རྒྱ་ནག་མའོ་ཡི་དབང་སྒྱུར་འོག་ཏུ་ཡོད་ཅིང་། ཁིན་སར་རྒྱ་ནག་ཏུ་ཕྱིན་པ་དེས་ལོ་རྗེས་མ་སྟེ། ཕྱི་ལོ་ ༡༩༧༢ ལོར་སྲིད་འཛིན་ནིག་སོན་རྒྱ་ནག་ཏུ་འགྲོ་སའི་ལམ་ཁ་བཏོད་ཅིང་། དེ་ནི་ཨ་རིའི་སྲིད་འཛིན་ལས་ཐོག་ཅིག་རྒྱ་ནག་ལ་ཕྱིན་པ་ཐོག་མ་དེ་ཆགས་ཡོད།
སྲིད་འཛིན་རྒྱ་ནག་ལ་ཕྱིན་པ་དེ་འབྲེལ་བའི་ཐོག ཕྱི་ལོ་༢༠༠༥ ལོར་མང་གཙོའི་ལས་འགུལ་བ་ཝ་འཇིན་ཧྲན་(Wei Jingshen)གྱིས་“སྐབས་དེ་དུས་མའོ་ཁོ་རང་གིས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པ་འཇིག་རྒྱུ་ཡིན་པའི་ཚོར་སྣང་བྱུང་ཡོད། འོན་ཀྱང་སྲིད་འཛིན་ནིག་སོན་དང་ཕྱི་སྲིད་དྲུང་ཆེ་ཁིན་སར་རྒྱ་ནག་ལ་ཕྱིན་པ་དེས་དམར་ཤོག་ཚོགས་པ་བསྐྱབས་པ་རེད་”ཅེས་བཤད་ཡོད་འདུག
དེ་ནས་ཕྱི་ལོ་༡༩༧༩ ལོར་ཨ་རིའི་སྲིད་འཛིན་ཇིམ་མཱ-ཁ་ཋར་(Jimmy Carter)གྱིས་ཐའེ་ཝན་དང་གཞུང་གི་འབྲེལ་བ་བཅད་དེ་པེ་ཅིང་སྲིད་གཞུང་ངོས་འཛིན་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༡ ལོར་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་འཛམ་གླིང་གི་ཚོང་འབྲེལ་ལྷན་ཚོགས་ནང་བསུ་བའི་ཐག་གཅོད་བྱས་པ་དེས་ཀྱང་རྒྱ་ནག་ལ་ཕན་ཐོགས་ཚད་མེད་ཐོགས་ཡོད། དེའི་སྐོར་ལ་སློབ་དཔོན་ཝོལ་ཌན་གྱིས་ཨ་རིས་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་བཅངས་ནས་རོགས་པ་བྱས་ཀྱང་། རྒྱ་ནག་དེ་ལས་ཡོངས་སུ་ལྡོག་ནས་སྔོན་ཆད་མའོ་སྐབས་ལས་ཀྱང་དམ་དྲག་ཆེ་བར་གྱུར་ཡོད་སྐོར་གསུངས་ཡོད་འདུག
གཞན་ཡང་ཧོང་ཀོང་གི་ཟླ་ངོ་དྲུག་གི་ངོ་རྒོལ་ཐད་ལ། སློབ་དཔོན་ཁོང་གིས་གལ་སྲིད་རྒྱ་ནག་གཞུང་གིས་༡༩༨༤ དང་༡༩༩༧ ལོར་བཞག་པའི་ཁས་ལེན་དམ་བཅའ་རྣམས་སྲུང་ཡོད་ན། ཧོང་ཀོང་ལ་ངོ་རྒོལ་གྱི་ལས་འགུལ་འབྱུང་མི་སྲིད་པ་དང་། ཧོང་ཀོང་གི་དཀའ་རྙོག་ཡོངས་རྫོགས་ཀྱི་འབྱུང་ཁུངས་རྒྱ་ནག་དམར་ཤོག་ཚོགས་པའི་ཐག་གཅོད་ངན་པར་ཐུག་སྐོར་གསུངས་པའི་ཐོག ཉེ་བའི་ཟླ་ངོ་དྲུག་གི་ངོ་རྒོལ་ལས་འགུལ་ལ་བརྟེན་ནས། ཧོང་ཀོང་གི་མི་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པ་གདུག་རྩུབ་དང་ཉེན་ཁ་ཆེ་བའི་ཁར། གཏན་ནས་ཀྱང་ཡིད་ཆེས་བྱེད་མི་ཉན་པ་ཞིག་ཡིན་པ་རྟོགས་ཡོད་སྐོར་གསུངས། །
གསར་འགོད་པ་དཀོན་མཆོག་རབ་བརྟན།