རྒྱ་ནག་དམར་ཤོག་ཚོགས་པའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་ནང་། ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཆ་སྲ་བརྟན་བཟོས་འདུག 

རྒྱ་ནག་གི་འགོ་ཁྲིད་ཚོས་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་དང་འབྲེལ་བའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་གསར་པ་ཞིག་གཏན་ལ་ཕབ་པའི་ནང་། ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཚད་སྲ་བརྟན་བཟོས་ཏེ། ༢༠༢༢ ལོར་ཁོའི་ལས་ཡུན་གཉིས་པ་རྫོགས་དུས་མུ་མཐུད་སྲིད་ཀྱི་དབང་ཆ་འཛིན་ཆོག་པའི་ལམ་ཁ་བཏོད་ཡོད་འདུག 

རྒྱ་ནག་གི་འགོ་ཁྲིད་ཚོས་དམར་ཤོག་ཚོགས་པའི་ལོ་བརྒྱའི་ལོ་རྒྱུས་དང་འབྲེལ་བའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་གསར་པ་ཞིག་གཏན་ལ་ཕབ་པའི་ནང་། ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཚད་སྲ་བརྟན་བཟོས་ཏེ། ༢༠༢༢ ལོར་ཁོའི་ལས་ཡུན་གཉིས་པ་རྫོགས་དུས་མུ་མཐུད་སྲིད་ཀྱི་དབང་ཆ་འཛིན་ཆོག་པའི་ལམ་ཁ་བཏོད་ཡོད་འདུག 

ཟླ་འདིའི་ཚེས་༨ ནས་༡༡ བར་དུ་རྒྱལ་ས་པེ་ཅིང་ལ་སྐོང་འཚོགས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༩ པའི་དབུས་རྒྱུན་ལས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག དམར་ཤོག་ཚོགས་པས་འདས་པའི་ལོ་བརྒྱའི་ལེགས་གྲུབ་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་ལ་ཕབ་ཡོད་འདུག་ཅིང་། ཡིག་ཆ་དེའི་ནང་རྒྱ་ནག་མ་འོངས་པའི་ཕུགས་འདུན་མངོན་དུ་གྱུར་བར་”ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་”མེད་ཐབས་བྲལ་བ་ཞིག་ཡིན་པའི་འགྲེལ་བརྗོད་ཀྱིས་ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཆ་སྲ་བརྟན་བཟོས་ཏེ། ལོ་རྗེས་མའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག ཞི་ཅིན་ཕིང་གི་སྲིད་འཛིན་གྱི་ལས་ཡུན་དེ་དུས་ཡུན་ངེས་མེད་ལ་ཕར་འགྱང་བྱེད་པའི་ལམ་ཁ་བཏོད་ཡོད་འདུག 

ད་ཐེངས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བཞག་པའི་གྲོས་ཆོད་ཡིག་ཆ་འདི་ལྟ་བུ་ཞིག་དམར་ཤོག་ཚོགས་པ་བཙུགས་པ་ནས་ད་བར་དུ་ཐེངས་གཉིས་ཙམ་ལས་འཇོག་མྱོང་ཡོད་མི་འདུག་སྟེ། དང་པོ་དེ་ཕྱི་ལོ་༡༩༤༥ ལོར་མའོ་ཙེ་ཏུང་གིས་གཏན་ལ་ཕབ་པ་དང་། གཉིས་པ་དེ་ཕྱི་ལོ་༡༩༨༡ ལོར་ཏིང་ཞོའོ་ཕིང་གིས་བཞག་ཡོད་འདུག

ཆབ་སྲིད་ཉམས་ཞིབ་པ་ཚོས་བརྗོད་པ་ལྟར་ན། དམར་ཤོག་ཚོགས་པས་ཕྱི་ལོ་༢༠༡༨ ལོར་སྲིད་འཛིན་གྱི་ལས་ཡུན་ལ་ཚད་བཀག་མེད་པ་བཟོས་རྗེས། ད་ཐེངས་ཀྱི་གྲོས་ཆོད་ཡིག་ཆ་འདི་ཞི་ཅིན་ཕིང་གི་གོ་ཐོབ་དང་དབང་ཆ་དེ་མའོ་དང་ཏིང་གི་གོ་ཐོབ་དང་མཚུངས་པ་བཟོས་ཏེ། ཞི་ཅིན་ཕིང་གི་མ་འོངས་པའི་ཆབ་སྲིད་ལམ་བུ་སྲ་བརྟན་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་འདུག 

ཚེས་༡༢ རེས་གཟའ་པ་སངས་ཉིན་རྒྱ་ནག་གི་གཞུང་འབྲེལ་བོད་ཡིག་གསར་ཁང་སྟེ། “ཀྲུང་གོའི་བོད་ལྗོངས་དྲ་བ་”ནས་བཏོན་པའི་གྲོས་ཆོད་གསལ་བསྒྲགས་ནང་། “ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་བསྟར་”དགོས་ཚུལ་བརྗོད་འདུག 

དབྱིན་ཇིའི་བྷེ་བྷེ་སི་(BBC) ཡིས་དམར་ཤོག་ཚོགས་པའི་“ལོ་རྒྱུས་རང་བཞིན་ཅན་”གྱི་གྲོས་ཆོད་གསར་ཤོས་འདི་དང་འབྲེལ་བའི་གནས་ཚུལ་ཞིག་སྤེལ་བའི་ནང་། ཆབ་སྲིད་ཉམས་ཞིབ་པ་རྣམས་ཀྱིས་གསར་ཁང་དེ་ལ་“ཕྱོགས་འགའ་ནས་བལྟས་ན། ཞི་ཅིན་ཕིང་གིས་བཟུང་བའི་རྒྱ་ནག་དམར་ཤོག་ཚོགས་པ་དེ་རྒྱ་ནག་དང་དམར་ཤོག་ཚོགས་པའི་ལེགས་གྲུབ་ཀྱི་ཡང་རྩེར་བསླེབས་ཡོད་”རུང་། ཆབ་སྲིད་ནང་ཧང་སང་བའི་གནད་དོན་ཡོང་ཆོག་པས། ཉེ་བའི་འབྱུང་འགྱུར་ནང་དུ་ཞི་ཅིན་ཕིང་གིས་སྲིད་དབང་རྒྱུན་འཛིན་བྱེད་རྒྱུ་ཡིན་པའི་དཔང་རྟགས་ཅི་འདྲའི་མང་ན་ཡང་། གནས་ཚུལ་ཅི་ཡང་འབྱུང་སྲིད་པ་ཞིག་རེད་ཅེས་བཤད་འདུག་པ་མ་ཟད། རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་ཨེ་ཌམ-ནེ་(Adam Ni) ཡིས་“རྒྱ་ནག་གི་མཐོ་རིམ་ཆབ་སྲིད་དེ་གསལ་ཆ་མེད་པ་ཞིག་ཡིན་པས། ང་ཚོས་མ་ཤེས་པ་ཧ་ཅང་མང་པོ་ཞིག་ཡོད་”ཅེས་བརྗོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།