རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས།
ཟླ་འདིའི་ཚེས་༢༤ ་ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཚོགས་སྡེ་མི་འདྲ་བ་ཁག་བརྒྱ་དང་བདུན་ཅུ་ལྷག་གིས་ཧཱ་ཝར་ཊི་དང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཡོངས་ཀྱི་ནང་དུ། བོད་དང་ཧོང་ཀོང་། དེ་བཞིན་ཤར་ཏུར་ཀི་སི་ཐན་སོགས་ཀྱི་སློབ་གཉེར་བ་ཚོ། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུས་ཡོད་འདུག
ལོ་འདིིའི་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གི་གཞུང་ཚབ་ཞི་ཧྥེང་(Xie Feng) གིས་ཧཱ་ཝར་ཊི་ཀེན་ནེ་ཊི་སློབ་གྲྭའི་ནང་གཏམ་བཤད་བྱེད་པའི་སྐབས། ལས་འགུལ་བ་སློབ་མ་ཁག་ཅིག་གིས་རྒྱ་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་དང་ཐའེ་ཝན་བཅས་ཀྱི་ཐོག་ལ་འཛིན་པའི་ལངས་ཕྱོགས་ལ་ངོ་རྒོལ་བྱས་པའི་རྗེས། རྒྱ་མི་འགའ་ཤས་ཀྱིས་ལས་འགུལ་བ་ཚོའི་རྗེས་འདེད་དང་འཇིགས་སྐུལ་སོགས་བྱས་ནས། ལས་འགུལ་སྤེལ་མཁན་སློབ་མ་ཚོ་ལ་འཇིགས་སྣང་དང་། རྒྱབ་སྐྱོར་དང་བདེ་འཇགས་མེད་པའི་ཚོར་སྣང་ཤུགས་ཆེན་བྱིན་ཡོད་འདུག
ཟླ་འདིའི་ཚེས་༡ ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་གི་འཐབ་བྱུས་ཚོགས་ཆུང་གིས་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་སེམས་འཚབ་ཀྱིས་ཧཱ་ཝར་ཊི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་གྷར་བྷར་(Garber) ལ་གནས་ཚུལ་དེའི་ཐོག་ལན་འདེབས་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཟླ་འདིའི་ཚེས་༢༢ ཉིན་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་སློབ་མའི་མཐུན་ཚོགས་ཁག་ཅིག་གིས་གོ་སྒྲིག་དང་། རང་དབང་ཁང་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཡུ་གུར་བ་དང་བོད་པ། ཧོང་ཀོང་སོགས་ཀྱི་ཚོགས་པ་༡༧༩ ཡིས་མིང་རྟགས་བཀོད་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་ཧཱ་ཝར་ཊིའི་མཐོ་སློབ་ཀྱི་ཚོགས་གཙོ་གྷར་བྷར་གྱི་ལས་ཁུངས་སུ་ཕུལ་ནས། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་འགོག་རྒོལ་བྱ་རྒྱུའི་ཁས་ལེན་དགོས་པའི་འབོད་སྐུལ་ཞུས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཚོགས་བརྒྱུད་ལམ་ཏུ། རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོ་ལ་དོགས་སྲུང་དང་། འཇིགས་སྐུལ། བཙན་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་། རང་དབང་ཁང་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་ཚུལ་ཞིབ་ཕྲ་འཁོད་པའི་སྙན་ཐོ་བཏོན་ཡོད་པ་མ་ཟད། སློབ་ཕྲུག་དང་ལས་བྱེད་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡང་སྤེལ་ཡོད་ན་ཡང་། ད་ལྟའི་ཧཱ་ཝར་ཊི་སོགས་ཀྱི་ནང་ལམ་སྟོན་དེ་དག་ལག་ལེན་བསྟར་རྒྱུ་ཧ་ཅང་ཞན་པོ་ཡོད་པ་སོགས་བཀོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།