རྒྱ་ནག་ནང་དུ་རྒྱ་མི་ཞིག་གིས་ཨ་རི་ནས་ཡོང་བའི་དགེ་རྒན་བཞི་ལ་གྲི་བཙུགས་འདུག

ཟླ་འདིའི་ཚེས་༡༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ཡུལ་སྐོར་བ་འགོག་ཐབས་བྱེད་བཞིན་པའི་དུས་སྐབས་སུ་རྒྱ་ནག་ནང་གི་ཡུལ་སྐོར་བ་མང་པོ་འཛོམས་སའི་སྤྱི་གླིང་ཞིག་ཏུ་སྐྱེས་པ་ཞིག་གིས་ཨ་རི་ནས་ཡོང་བའི་དགེ་རྒན་བཞི་ལ་གྲི་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

པར། New York Post

ཟླ་འདིའི་ཚེས་༡༠ ་ཉིན་རྒྱ་ནག་གི་ཅི་ལིན་(Jilin) ་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་པའི་པེ་ཧྲན་ཞེས་པའི་སྤྱི་གླིང་ཞིག་ཏུ་ལོ་ན་༥༥ ལ་སོན་པའི་སྐྱེས་པ་(Cui) ་ཟེར་བས་ཨ་རིའི་ལོ་ཝ་མངའ་སྡེ་ནས་ཡིན་པའི་དགེ་རྒན་བཞི་ལ་གྲི་བཙུགས་ཡོད་འདུག

དགེ་རྒན་བཞི་པོ་ནི་ཨ་རིའི་ལོ་ཝ་མངའ་སྡེའི་ཁོ་ནེལ་(Cornell) ་ཞེས་པའི་སློབ་གྲྭའི་ནང་དུ་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་པ་དང་། ཕྱི་ལོ་༢༠༡༨ ནས་བཟུང་མཐོ་སློབ་དེ་དང་རྒྱ་ནག་གི་(Beihua) ་ཞེས་པའི་སློབ་ཆེན་གཉིས་ཀྱི་བར་རིག་གཞུང་བརྗེ་རེས་ཀྱིས་བྱེད་སྒོ་སྤེལ་འགོ་བཙུགས་ཡོད་པས། ཐེངས་འདིར་རིག་གཞུང་སྤེལ་རེས་ཀྱི་ཆེད་དུ་རྒྱ་ནག་ལ་ཕྱིན་ཡོད་འདུག ད་ལྟའི་ཆར་ས་གནས་ཉེན་རྟོག་པས་གྲི་འཛུགས་མཁན་གྱི་སྐྱེས་པ་དེ་འཛིན་བཟུང་བྱས་ཡོད་པ་དང་དགེ་རྒན་བཞི་པོ་ལ་ཡང་སྨན་བཅོས་བྱས་ནས་སྲོག་ཉེན་མེད་པ་ཆགས་ཡོད་འདུག

སྐྱེས་པ་དེས་གྲི་འཛུགས་དགོས་པའི་ཀུན་སློང་གང་ཡིན་ཐོག་གསལ་ཁ་མེད་པ་དང་། གྲི་བཙུགས་པའི་དོན་རྐྱེན་གྱི་བརྙན་དང་པར་སོགས་རྒྱ་ནག་ནང་དུ་ནག་བསུབ་བཏང་ཡོད་ཀྱང་དྲྭ་ལམ་ཁག་ཏུ་ཁྱབ་བརྡལ་འགྲོ་བཞིན་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གྲི་བཙུགས་པའི་གནད་དོན་དེས་ཨ་རི་དང་རྒྱ་ནག་བར་གྱི་རྒྱུན་ལྡན་རིག་གཞུང་བརྗེ་ལེན་གྱི་འབྲེལ་བ་ལ་ཤུགས་རྐྱེན་ཐེབས་ཀྱི་མ་རེད་ཅེས་བརྗོད་འདུག

ད་ལྟའི་ཆར་ཨ་རི་ལ་སློབ་སྦྱོང་བྱེད་མཁན་རྒྱ་ནག་གི་སློབ་ཕྲུག་འབུམ་གསུམ་ལྷག་ཡོད་ན་ཡང་རྒྱ་ནག་ཏུ་སློབ་སྦྱོང་བྱེད་མཁན་ཨ་རིའི་སློབ་ཕྲུག་དགུ་བརྒྱ་ཙམ་ལས་མེད་པ་དང་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་རིང་། རྒྱ་ནག་ཏུ་སློབ་སྦྱོང་བྱེད་མཁན་གྱི་ཨ་རིའི་སློབ་ཕྲུག་གི་གྲངས་འབོར་ཧ་ཅང་ཉུང་ཉུང་ཆགས་ཡོད་འདུག

རྒྱ་ནག་གི་ཅི་ལིན་ཞིང་ཆེན་དུ་མི་གྲངས་ས་ཡ་བཞི་ལྷག་ཡོད་པ་དང་སྤྱི་གླིང་དེ་ནི་ཡུལ་སྐོར་བ་བརྒྱ་ཕྲག་མང་པོ་སྤྲོ་འཆམ་དུ་ཡོང་ས་ཞིག་ཆགས་ཡོད་འདུག དོན་རྐྱེན་དེ་བྱུང་བའི་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ནང་གུང་གསེང་དང་ཁེལ་ཡོད་འདུག
རྒྱ་ནག་ནང་དུ་ནད་ཡམས་བྱུང་བའི་རྗེས་སུ་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཇེ་མང་དུ་ཡོང་ཆེད་རྒྱལ་ཁབ་བཅུ་གཅིག་ལྷག་ལ་མཐོང་མཆན་རིན་མེད་སྤྲད་ནས་ཡོང་ཆོག་པ་བཟོ་བཞིན་པའི་སྐབས་སུ་དོན་རྐྱེན་དེ་བྱུང་ཡོད་པ་དང་། ལྷག་པར་དུ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་རིག་གཞུང་བརྗེ་ལེན་གྱི་བྱེད་སྒོའི་བརྒྱུད་ནས་ཕྱོགས་གཉིས་ཀྱི་བར་ལྟ་གྲུབ་དང་ཚོང་དོན་གྱི་ཛ་དྲག་གནས་སྟངས་ཞི་ལྷོད་ཡོང་ཐབས་བྱེད་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཀྱང་ཆགས་ཡོད་འདུག

དེ་བཞིན་སྔ་ལོའི་ཕྱི་ཟླ་༡༡ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ཏུ་སློབ་སྦྱོང་དང་རིག་གཞུང་བརྗེ་ལེན་གྱི་ཆེད་དུ། རྒྱ་ནག་ཕྱོགས་ནས་སླད་ཕྱིན་ལོ་ལྔའི་ནང་ཨ་རིའི་ན་གཞོན་ཁྲི་ལྔ་གདན་འདྲེན་ཞུ་རྒྱུའི་གྲ་སྒྲིག་ཡོད་རབས་བརྗོད་ཡོད་པ་མ་ཟད། ན་ནིང་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་བར་ཤེས་ཡོན་དང་རིག་གཞུང་། རྩེད་རིགས་དང་ཚོང་དོན་སོགས་བརྗེ་རེས་རྒྱ་སྐྱེད་གཏོང་བའི་གྲོས་མཐུན་ཞིག་ཀྱང་བཞག་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།