རྒྱ་ནག་ནང་དུ་ལས་མེད་ཀྱི་དཀའ་ངལ་འོག་སློབ་ཐོན་པའི་ངོ་རྒོལ།
ཟླ་འདིའི་ཚེས་༥ ཉིན་THE FREE PRESS JOURNAL ཞེས་པའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་ལས་མེད་ཀྱི་མི་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། མཐོ་སློབ་ཁག་ཁ་ཤས་ཀྱི་ནང་དུ་སློབ་མ་ཚོས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༥ ཉིན་THE FREE PRESS JOURNAL ཞེས་པའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་ལས་མེད་ཀྱི་མི་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་། མཐོ་སློབ་ཁག་ཁ་ཤས་ཀྱི་ནང་དུ་སློབ་མ་ཚོས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ནང་ནད་ཡམས་ཀྱི་རྐྱེན་གྱིས་ཡུན་རིང་སྒོ་རྒྱ་བསྡམ་པ་དང་སྤྱི་ཚོགས་ཀྱི་ནང་བརྟན་ལྷིང་མེད་པ་དང་། ལྷག་པར་དུ་གཞོན་སྐྱེས་ཤེས་ཡོན་ཅན་གྱི་ལས་མེད་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་ནག་གི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གི་ནང་དུ་ངོ་རྒོལ་བྱུང་ཡོད་འདུག
རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་༡༩ སྔོན་འགོག་གི་ལས་དོན་བྱེད་ཕྱོགས་ཐོག་ལ་འདོད་བློ་མ་ཁེངས་པའི་རྒྱུ་མཚན་དུ་བྱས་ནས་ཕྱི་ཟླ་༥ པའི་ཚེས་༢༦ ཉིན་གྱི་དགོང་མོ་ཐན་ཅིང་(Tianjin) གཙུག་ལག་སློབ་གཉེར་ཁང་གི་ནང་དུ་སློབ་མ་ཚོ་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང་། དེ་བཞིན་ཕྱི་ཟླ་༦ ཚེས་༢༤ ཉིན་པེ་ཅིང་(Beijing Normal University) ཞེས་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་རྭའི་ནང་དུ་གོམ་བགྲོད་ཀྱིས་རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་འདུག ཕྱི་ཟླ་༥ པའི་ཚེས་༢༣ ཉིན་གྱི་དགོང་མོ་དེར་(china university of political science and law) ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་ཡང་ངོ་རྒོལ་བྱུང་ཡོད་པ་མ་ཟད། ནན་ཁེ་(Nankai) ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ནང་དུ་ཡང་སློབ་མ་ཚོས་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་མཐོ་སློབ་ཁག་ཏུ་ངོ་རྒོལ་ལས་འགུལ་ཡང་ཡང་འབྱུང་གི་ཡོད་པའི་གནས་ཚུལ་ལ་བལྟས་ན། ད་ལྟའི་ཆར་རྒྱ་ནག་གི་ནང་དུ་དཀའ་ངལ་ཇེ་ཆེར་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་དམར་ཤོག་གཞུང་ནི་ཕྱི་ལོ་༡༩༨༩ ཟླ་༦ ཚེས་༤ ཉིན་རྒྱ་ནག་གནམ་སྡེ་སྒོ་མོ་རུ་སློབ་ཕྲུག་གི་ལས་འགུལ་དེ་བསྐྱར་ལོག་བྱེད་དོགས་ཀྱི་ཞེད་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་འདུག
གཞན་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་འདིའི་ནང་དུ་རྒྱ་ནག་གི་ནང་དུ་སློབ་མཐར་སོན་མཁན་སློབ་མ་ས་ཡ་༡༠.༧༦ ཡོད་པ་དང་། རྒྱ་ནག་གི་ལོ་རྒྱུས་ཁྲོད་དུ་ལས་མེད་ཀྱི་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པའི་སྐོར་དང་། ཉེ་ཆར་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་ས་གནས་སྲིད་གཞུང་ཁག་དང་ཚོང་ལས་ཁང་སོགས་ཀྱི་ངོ་ཚབ་པ་སྟོང་ཕྲག་མང་པོ་བསྡུ་རུབ་ཀྱིས་ཛ་དྲག་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ནས་རྒྱ་ནག་ནང་གི་དཔལ་འབྱོར་གྱི་དཀའ་ངལ་དེ་ནི་ཕྱི་ལོ་༢༠༢༠ ལོའི་དཔལ་འབྱོར་གྱི་གནས་སྟངས་ལས་ཞན་པ་ཡོད་པ་དང་།ས་གནས་སྲིད་གཞུང་དང་ཚོང་ལས་ཁང་གཉིས་ཀས་ལས་མེད་ཀྱི་དཀའ་ངལ་ཇེ་ཆུང་གཏོང་དགོས་པ་ནན་སྐུལ་བྱས། དེ་བཞིན་སློབ་དཔོན་ཡཱང་(yang) ཟེར་བས་རྒྱ་ནག་དབུས་གཞུང་ལ་མཚོན་ན། ལས་མེད་ཇེ་ཉུང་དུ་གཏོང་རྒྱུ་དེ་ནི་ཆབ་སྲིད་སྲ་བརྟན་ལ་མེད་དུ་མི་རུང་ཞིག་ཆགས་ཡོད་ཅེས་བརྗོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།