རྒྱ་ནག་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་བཟོ་དང་ཐའེ་ཝན་མི་མང་ལ་འཕྲད་པའི་དཀའ་ངལ།

ཟླ་བ་རྗེས་མར་རྒྱ་ནག་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་སྲུང་སྐྱོབ་ཀྱི་ཆེད་དུ་ཁྲིམས་ལུགས་ཤིག་ལག་བསྟར་བྱེད་འཆར་ཡོད་འདུག་པ་དང་། ཁྲིམས་ལུགས་དེའི་དབང་འོག་ནས་ཞིབ་དཔྱོད་ཆེད་དུ་མི་སེར་དཀྱུས་མ་དང་ཚོང་པ། སློབ་ཕྲུག ཚོགས་པ་སོགས་ཀྱི་ཁ་པར་དང་གློག་ཀླད་སོགས་གློག་གི་འཕྲུལ་ཆས་རྣམས་ཀྱི་ནང་སྔོག་བཤེར་བྱེད་པ་དང་འཕྲོག་པ་བྱེད་ཆོག་གི་ཡོད་འདུག་ལ། མ་འོངས་པར་ཐའེ་ཝན་གྱི་མི་མང་རྒྱ་ནག་ནང་འགྲོ་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག

པར། Taipei Times

ཕྱི་ཚེས་༡༡ ཉིན་(Taipei Times)གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ཞིག་ཟླ་བ་རྗེས་མའི་ནང་ལག་བསྟར་བྱེད་འཆར་ཡོད་འདུག་པས། ཁྲིམས་ལུགས་དེ་ལག་བསྟར་བྱེད་འགོ་བཙུགས་ན་ཐའེ་ཝན་གྱི་མི་མང་རྒྱ་ནག་ནང་གནས་མཇལ་འགྲོ་མཁན་དང་། ཚོང་དོན་ཆེད་དུ་འགྲོ་མཁན། ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་འདུག དེ་ཡང་ཐའེ་ཝན་གྱི་(the Mainland Affairs Council (MAC) ཟེར་བ་རྒྱ་ནག་དང་ཧོང་ཀོང་། མེ་ཁོའོ་བཅས་དང་ལྷན་ཏུ་འབྲེལ་མཐུད་བྱེད་མཁན་གྱི་ཚོགས་པ་དེ་ཡིས་སྙན་ཐོ་ཞིག་བཏོན་ཡོད་འདུག་པ་དང་། སྙན་ཐོ་དེའི་ནང་ཁྲིམས་ལུགས་དེ་ཟླ་བ་རྗེས་མའི་ནང་ལག་བསྟར་བྱེད་འཆར་ཡོད་འདུག དེ་བཞིན་ཐའེ་ཝན་གྱི་མི་མང་རྒྱ་ནག་ལ་ཡོང་མཁན་ཚོས་རང་རང་གི་ཁ་པར་དང་གློག་གི་འཕྲུལ་ཆས་རིགས་རྣམས་རྒྱ་ནག་ནང་ཡོད་དུས་རྒྱ་ནག་གཞུང་གི་བདེ་སྲུང་མི་སྣ་ལ་སྤྲོད་དགོས་ཀྱི་ཡོད་འདུག ད་ཆར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་ཡིན་ཚུལ་བརྗོད་ནས་ཁྲིམས་ལུགས་འདྲ་མིན་མང་པོ་བཟོ་ཡི་ཡོད་འདུག་ལ། ཁྲིམས་ལུགས་དེ་དག་གི་འོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཡིན་ཚུལ་གྱི་མིང་འདྲ་མིན་འོག་ནས་མི་མང་ལ་ཉེས་ཆད་གཅོད་པ་དང་། བཙོན་འཇུག་བྱེད་པ་སོགས་འབྱུང་གི་ཡོད་འདུག ལོ་སྔོན་མའི་ཕྱི་ཟླ་༧ ནང་ (Anti-Espionage Law)ཟེར་བ་རྒྱ་ནག་ནང་གསང་མྱུལ་འགོག་རྒོལ་ཆེད་ཡིན་ལུགས་ཀྱི་ཁྲིམས་ལུགས་ཤིག་བཟོས་ནས་འདི་ལོའི་ཕྱི་ཟླ་༥ ནང་ལག་བསྟར་བྱེད་འགོ་བཙུགས་ཡོད་འདུག་པ་དང་། ཁྲིམས་ལུགས་དེའི་འོག་ནས་གཞུང་གིས་མི་མང་སུ་ལ་གཞུང་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་དང་འབྲེལ་བའི་གནད་དོན་ཡོད་ཚེ་འཛིན་བཟུང་བྱེད་ཆོག་པའི་ཆོག་མཆན་ཡོད་འདུག དེ་བཞིན་ས་གནས་གཞུང་གིས་དོགས་ཡོད་ཅན་གྱི་མི་སྣའི་རིགས་ཀྱི་ཁ་པར་དང་གློག་ཆས་རིགས་འཕྲོག་ཆོག་གི་ཡོད་འདུག་ལ། རྒྱ་ནག་གཞུང་གི་བདེ་སྲུང་མི་སྣའི་ཉེན་རྟོག་པ་དང་གསང་བའི་ལས་བྱེད་དག་གིས་ཞིབ་དཔྱོད་ཆེད་དུ་དངོས་ཟོག་ག་རེ་ཡིན་ནའང་སྔོག་བཤེར་བྱེད་ཆོག་གི་ཡོད་འདུག (the Mainland Affairs Council (MAC)ཚོགས་པ་དེ་ཡིས་མ་འོངས་པར་ཐའེ་ཝན་གྱི་མཐོ་སློབ་སློབ་དཔོན་དང་། སློབ་མ། ཚོང་པ། ཡུལ་སྐོར་སྤྲོ་འཆམ་པ། གནས་སྐོར་སོགས་ལ་ཁྲིམས་ལུགས་དེ་དག་གི་འོག་ཏུ་དཀའ་ངལ་དུ་མ་འཕྲད་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག ཚོགས་པ་དེ་ཡིས་ད་དུང་རྒྱ་ནག་ཏུ་ཡོད་པའི་ཐའེ་ཝན་གྱི་མི་མང་དང་ཚོང་པ་སོགས་ལ་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། གཞོན་སྐྱེས་ལས་མེད་སོགས་ཀྱི་སྐོར་སྐྱོན་བརྗོད་བྱེད་རྒྱུ་མཚམས་བཞག་ན་ལེགས་པ་ལས་མཇུག་འབྲས་ཡག་པོ་ཡོང་གི་མ་རེད་ཅེས་རྒྱ་ནག་གི་བདེ་སྲུང་མི་སྣ་ཡིས་བརྗོད་ཡོད་འདུག དེ་བཞིན་ཚོགས་པ་དེ་ཡིས་ཐའེ་ཝན་གྱི་མི་སེར་འགའ་ཤས་ལ་རྒྱ་ནག་གི་ཉེན་རྟོག་པས་ཐའེ་ཝན་ནང་སྲིད་དོན་ཚོགས་པ་ག་རེའི་ཁོངས་སུ་ཡིན་པ་དང་། མི་སྒེར་སོ་སོའི་སྐོར་གྱི་གནས་ཚུལ་འདྲི་རྩད་བྱེད་ཀྱི་ཡོད་པ་སོགས་བརྗོད་གནང་འདུག། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།