རྒྱ་ནག་ལ་ཁ་གཏད་གཅོག་ཆེད། ཨ་རིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཐུན་གྲོཊ་ཚོ་དང་དམག་འབྲེལ་ཟབ་ཏུ་གཏོང་རྒྱུ་རེད།
ཨ་རྒྱའི་འགལ་བ་ཉིན་རེ་བཞིན་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཨ་རིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་བཙན་ཤེད་ཆེ་རུ་འགྲོ་བཞིན་པར་གདོང་ལེན་དང་ཁ་གཏད་གཅོག་པའི་ཆེད། ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་དམག་དང་དཔལ་འབྱོར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ཨ་རྒྱའི་འགལ་བ་ཉིན་རེ་བཞིན་དྲག་ཏུ་འགྱུར་བཞིན་པའི་སྐབས་འདིར། ཨ་རིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་བཙན་ཤེད་ཆེ་རུ་འགྲོ་བཞིན་པར་གདོང་ལེན་དང་ཁ་གཏད་གཅོག་པའི་ཆེད། ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་ལྷན་དུ་དམག་དང་དཔལ་འབྱོར་གྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག
ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི-བྷི་ལིན་ཁན་(Antony Blinken) གྱིས་རྒྱ་ནག་ལ་“བཙན་ཤེད་ཀྱི་བྱ་སྤྱོད་”མཚམས་འཇོག་བྱེད་དགོས་པའི་ཉེན་བརྡ་བཏང་བ་མ་ཟད། ཨ་རིའི་ངོས་ནས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་དམག་དང་དཔལ་འབྱོར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་འཕེལ་རྒྱས་རྒྱུན་གནས་ཡོང་བ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག
ཨེ་ཤི་ཡའི་ཤར་ཕྱོགས་རྒྱལ་ཁབ་ཁག་ཏུ་གཟིགས་སྐོར་ལ་ཕེབས་བཞིན་པའི་ཕྱི་སྲིད་དྲུང་ཆེ་ཁོང་གིས། ཨ་རི་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་འཕྲད་པའི་“ཉེན་ཁ་ལ་འགྱུར་བ་ཐེབས་བཞིན་ཡོད་པ་དང་། དེ་དང་ལྷན་དུ་ང་ཚོའི་བདེ་འཇགས་ཀྱི་ཐབས་བྱུས་ཀྱང་འགྱུར་བ་ཐེབས་དགོས་ཀྱི་རེད། དེ་ལྟར་ཡོང་བ་ལ། ང་ཚོ་ང་ཚོའི་སྟོབས་ཤུགས་ཆེ་ཤོས་སུ་གྱུར་བའི་ཆིག་སྒྲིལ་དང་མཛའ་འབྲེལ་ལ་བརྟེན་དགོས་ངེས་རེད་”ཅེས་གསུངས་ཡོད་འདུག
འདི་ལོའི་འགོ་སྟོད་དུ་མང་གཙོ་ཚོགས་པའི་སྐུ་ཞབས་བྷ་ཌན་གྱིས་ཨ་རིའི་སྲིད་གཞུང་འཛིན་པའི་སྐབས། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་འགའ་དང་། རྒྱ་ནག་གི་ཕྱོགས་ནས་ཨ་རྒྱའི་འབྲེལ་ལམ་ལ་“རེ་བའི་སྒེའུ་གསར་པ་”ཞིག་བྱེ་ནས་ཊོམ་སྲིད་གཞུང་གི་རིང་ལ་གས་ཆག་བྱུང་བའི་འབྲེལ་ལམ་དེ་བསྐྱར་གསོ་ཡོང་ཐུབ་པའི་རེ་བ་བྱས་ཡོད་ན་ཡང་། བྷ་ཌན་སྲིད་གཞུང་གིས་སྤྱི་ཡོངས་ནས་ཊོམ་སྲིད་གཞུང་གི་སྲིད་བྱུས་རྒྱུན་འཛིན་བྱས་པའི་ཐོག བདུན་ཕྲག་གོང་མར་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་གཞུང་འབྲེལ་ཐོག་ནས་བཀག་སྡོམ་བྱས་པའི་གསལ་བསྒྲགས་སྤེལ་བས། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་མུ་མཐུད་ཇེ་དྲག་དང་ཇེ་ཞན་དུ་གྱུར་ནས་བསྐྱར་གསོ་བྱེད་དཀའ་བའི་ཚད་དུ་བསླེབས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།