རྒྱ་ནག་ལ་དམིགས་ཏེ་(Quad)འགོ་ཁྲིད་ཚོས་རྒྱ་གར་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལས་དོན་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
རྒྱ་ནག་ལ་དམིགས་ཏེ་(Quad)འགོ་ཁྲིད་ཚོས་རྒྱ་གར་ཞི་བདེ་རྒྱ་མཚོའི་བདེ་འཇགས་ལས་དོན་རྒྱ་བསྐྱེད་གཏོང་བཞིན་ཡོད་འདུག
སྟོབས་ཆེན་རྒྱལ་ཁབ་བཞི་ཡི་ལྷན་ཚོགས་ཐོག་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་ནང་མངའ་ཁུལ་རྒྱ་བསྐྱེད་བྱེད་བཞིན་པར་གདོང་ལེན་དང་མངའ་ཁུལ་དེའི་ནང་མཉམ་འབྲེལ་ལས་དོན་རྒྱ་བསྐྱེད་གཏོང་རྒྱུར་གྲོས་མཐུན་བྱུང་ཡོད་འདུག
ཕྱི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནས་གསར་འགྱུར་ཐོན་གསལ་ལྟར་ན། ཨ་རི། ཨོ་སི་ཁྲུ་ལི་ཡ། རྒྱ་གར། ཉི་ཧོང་བཅས་ཀྱི་འགོ་ཁྲིད་རྣམས་ཀྱིས་གཟའ་སྤེན་པའི་ཉིན་རྒྱ་གར་རྒྱ་མཚོའི་ནང་གི་ཁོང་ཚོའི་མཉམ་འབྲེལ་རྒྱ་མཚོའི་བདེ་འཇགས་ལས་དོན་རྒྱ་བསྐྱེད་གཏང་རྒྱུ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁྱོན་ཡོངས་སུ་མཚོ་སྲུང་དམག་གི་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱི་ཕ་ཡུལ་(Delaware)ཌེ་ལ་ཝེར་མངའ་སྡེར་འཚོགས་པའི་(Quad)བདེ་འཇགས་ཚོགས་འདུ་ཐེངས་བཞི་པའི་སྐབས་སུ། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་(Anthony Albanese)ཨན་ཐོ་ནི་ཨལ་བྷ་ནི་སེ། རྒྱ་གར་གྱི་སྲིད་བློན་(Narendra modi)ན་རེན་དྲ་མོ་དྷི། ཉི་ཧོང་གི་སྲིད་བློན་(Fumio Kishida) ཧྥུ་མི་ཡོ་ཁི་ཤི་ད་བཅས་ཀྱིས་མཉམ་ལས་འདི་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག
རྒྱ་ནག་རྒྱ་མཚོའི་ལྷོ་དང་ཤར། ཁྱད་པར་དུ་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་བར་གྲུ་གཟིངས་གདོང་ཐུག་གི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་རྒྱབ་ལྗོངས་འོག རྒྱལ་ཁབ་བཞི་པོས་དམག་དོན་ཐད་སྔར་ལས་ཤུགས་ཆེ་བའི་རྒྱ་ནག་ལ་ཚུར་རྒོལ་ཅི་ཙམ་བྱེད་འདོད་ཡོད་མེད་ཤེས་རྟོགས་ཆེད། ཚོགས་འདུ་འདིའི་གྲུབ་འབྲས་ལ་ཞིབ་ཚགས་ངང་དོ་སྣང་བྱེད་བཞིན་ཡོད་པར་བརྗོད།
འགོ་ཁྲིད་སུས་ཀྱང་གསར་འགོད་པར་དམིགས་པའི་གཏམ་བཤད་ནང་རྒྱ་ནག་ལ་ཐད་ཀར་སྐྱོན་བརྗོད་བྱས་ཡོད་མི་འདུག་ཀྱང་། ཚོགས་འདུའི་གནས་ཡུལ་ནས་གནས་ཚུལ་སྙན་སྒྲོན་བྱེད་མཁན་གསར་ཁང་འགའ་ཞིག་གིས་བཤད་པ་ལྟར་ན། མང་ཚོགས་ལ་སྤེལ་མེད་པའི་སྒྲ་འཇུག་ནང་སྲིད་འཛིན་བྷ་ཌན་གྱིས་གཞན་རྣམས་ལ་པེ་ཅིན་གྱིས་(Quad) ཚོགས་མི་རྣམས་ལ་ཚོད་ལྟ་བྱེད་བཞིན་ཡོད་ཅེས་བཤད་པ་གོ་ཐོས་བྱུང་འདུག (Bloomberg)བྷུ་ལུམ་བྷག་གསར་ཁང་གིས་བཤད་པ་ལྟར་ན། བྷ་ཌན་གྱིས་སྒྲ་འཇུག་ནང་ང་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ནང་ཁུལ་དཔལ་འབྱོར་གྱི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་རྒྱུ་དམིགས་ཀྱི་ཡོད་པ་དང་རྒྱ་ནག་གི་འཁྲུག་ཆ་ཉུང་དུ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་།
ངའི་ལྟ་ཚུལ་ལ་ཞི་ཅིན་ཕིང་གིས་རང་ཉིད་ལ་གཏན་འཇགས་བར་སྟོང་ཞིག་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཁེ་ཕན་ལ་ཤུགས་ཆེན་པོས་རྗེས་འདེད་བྱེད་པའི་ཆེད་དུ་རེད་ཅེས་བརྗོད་ཡོད་འདུག རྒྱ་ནག་གིས་མུ་མཐུད་དེ་བཙན་གནོན་ཅན་གྱི་སྤྱོད་ཚུལ་འཛིན་བཞིན་ཡོད་པ་དང་། ས་ཁུལ་ཡོངས་ཀྱི་ཐོག་ང་ཚོ་ཚང་མ་དཔལ་འབྱོར་དང་འཕྲུལ་ཆས་ཀྱི་གནད་དོན་ཐེ་བའི་རྣམ་པ་འདྲ་མིན་གྱི་ཐོག་ནས་ཚོད་ལྟ་བྱེད་བཞིན་ཡོད། དེ་བཞིན་ང་ཚོས་དྲག་པོའི་འགྲན་རྩོད་ཀྱི་ཆེད་དུ་ངེས་པར་དུ་དྲག་པོའི་གཏན་འབེབས་ཀྱི་ཐབས་བྱུས་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
ད་དུང་གསར་འགྱུར་བརྒྱུད་ལམ་ཁག་ལ་དམིགས་པའི་གསུང་བཤད་ནང་རྒྱ་གར་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རང་དབང་དང་ཕྱི་གསལ་ནང་གསལ་ཡོང་བར་འགན་ལེན་བྱེད་པའི་ཆེད་དུ་མཉམ་ལས་ཀྱི་འབད་བརྩོན་རྒྱ་ཆེན་ཞིག་གི་སྐོར་གཙོ་བོར་གླེང་འདུག་པ་དང་། དེ་བཞིན་བྷ་ཌན་གྱིས་(Quad)གསར་འཛུགས་བྱས་པ་ནས་བཟུང་། ང་ཚོའི་རྒྱལ་ཁབ་བཞི་པོ་སྔར་ལས་ལྷག་པའི་འཆར་གཞི་ལྡན་པ་དང་ཕྱོགས་གཅིག་ཏུ་བསྒྲིལ་ཡོད་ཅེས་དང་།
དེ་རིང་ང་ཚོས་རྒྱ་གར་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་དངོས་ཡོད་ཀྱི་ཕན་འབྲས་སྤྲོད་པའི་ལས་འཆར་ཁག་ཅིག་གསལ་བསྒྲགས་བྱེད་ཀྱི་ཡོད། དེའི་ནང་ས་ཁུལ་གྱི་མཉམ་ལས་ཚོགས་པ་ཁག་ལ་རྒྱ་མཚོའི་འཕྲུལ་རིག་གསར་པ་མཁོ་སྤྲོད་བྱ་རྒྱུ་ཚུད་ཡོད། དེའི་བརྒྱུད་ནས་ཁོང་ཚོས་རང་གི་མཚོ་ཁུལ་ནང་གང་འབྱུང་བཞིན་པ་ཤེས་རྟོགས་ཐུབ་པ་མ་ཟད། ཐེངས་དང་པོར་མཚོ་སྲུང་དམག་གི་མཉམ་ལས་འགོ་འཛུགས་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།