རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་འདུག

ལོ་རྗེས་མའི་ནང་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཡིན་པ་དང་བསྟུན། རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཉར་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར། དེ་སྔོན་རྒྱ་ནག་དང་ཐའེ་ཝན་གཉིས་རྒྱལ་ཁབ་གཅིག་ཡིན་པའི་བསམ་ཚུལ་བརྗོད་མྱོང་མཁན་ཧན་ཀའོ་ཡུ་འདེམས་ཐོན་བྱུང་འདུག 

ལོ་རྗེས་མའི་ནང་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཡིན་པ་དང་བསྟུན། རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཉར་བར་རྒྱབ་སྐྱོར་བྱེད་མཁན་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར། དེ་སྔོན་རྒྱ་ནག་དང་ཐའེ་ཝན་གཉིས་རྒྱལ་ཁབ་གཅིག་ཡིན་པའི་བསམ་ཚུལ་བརྗོད་མྱོང་མཁན་ཧན་ཀའོ་ཡུ་འདེམས་ཐོན་བྱུང་འདུག 

ཟླ་༧ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བདུན་ཕྲག་སྔོན་མར་མི་མང་གི་བསམ་ཚུལ་བསྡུ་ལེན་དང་ཁ་པར་ཐོག་ནས་བསམ་ཚུལ་བསྡུ་ལེན་གྱི་ལས་གཞིའི་གྲུབ་དོན་དུ། གོ་མིན་ཏང་སྲིད་དོན་ཚོགས་པའི་ལོ་རྗེས་མའི་སྲིད་འཛིན་འོས་མིར། ཐའེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཀའོ་སུང་གི་སྤྱི་ཁྱབ་ཧན་ཀའོ་ཡུ་(Han kuo-yu) འདེམས་ཐོན་བྱུང་འདུག ཁོང་ལ་བསམ་ཚུལ་བསྡུ་ལེན་ནང་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་༤༥ ཡིས་རྒྱབ་སྐྱོར་བྱས་འདུག དེ་བཞིན་ཐའེ་ཝན་གྱི་ཚོང་པ་ཆེན་པོ་གྷའོ་ལ་མི་མང་བརྒྱ་ཆ་༢༨ ཀྱིས་རྒྱབ་སྐྱོར་བྱས་ཡོད་འདུག 

ལོ་རྗེས་མའི་སྲིད་འཛིན་འོས་བསྡུར་ད་ལྟའི་གཞུང་འཛིན་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་འོས་མིར་སྲིད་འཛིན་ལས་ཐོག་ལྕམ་ཚེ་ཡེཝན་འདེམས་ཐོན་བྱུང་ཡོད་ཁར། ཁོང་ནི་རྒྱ་ནག་ལ་ཁ་གཏད་གཅོག་མཁན་དང་ཨ་རི་དང་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱེད་མཁན་ཡིན་ཡང་། ཁོང་གི་ཁ་གཏད་དུ་གོ་མིན་ཏང་སྲིད་དོན་ཚོགས་པའི་འདེམས་ཐོན་བྱུང་བའི་སྲིད་འཛིན་འོས་མི་ཧན་ཀའོ་ཡུ་ནི་ལྕམ་ཚེ་ཡེ་ཝན་གྱི་སྲིད་གཞུང་གིས་ཐའེ་ཝན་མི་མང་གི་འཚོ་བ་ཡར་རྒྱས་གཏོང་ཐུབ་མེད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་རེད། དེ་སྔོན་ཐའེ་ཝན་དང་རྒྱ་ནག་ནི་རྒྱལ་ཁབ་གཅིག་ཡིན་པའི་བསམ་ཚུལ་བརྗོད་མྱོང་མཁན་ཞིག་ཡིན་ཁར། རྒྱ་ནག་དང་འབྲེལ་ལམ་ཟབ་ཏུ་བཏང་ཚེ། ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཡོད་སྐོར་བརྗོད་མཁན་ཞིག་ཡིན་འདུག འོན་ཀྱང་ཉེ་བའི་ཆར་ཧོང་ཀོང་ནང་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་དང་སྤེལ་མུས་བསྟུན། ཁོང་གིས་སྐད་ཆ་ལ་འགྱུར་བ་ཕྱིན་ནས། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེའི་འོག་ཏུ་ཐའེ་ཝན་འགྲོ་ཐབས་མེད་སྐོར་བརྗོད་ཡོད་འདུག སྐད་ཆ་དེ་བཤད་མིན་ལ་མ་ལྟོས་པར། ཐའེ་ཝན་ནང་དམར་ཤོག་གི་གསར་ཁང་བརྗོད་བཞིན་པའི་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གསར་ཁང་ཚོས། མུ་མཐུད་ནས་ཁོང་ལ་རྒྱབ་སྐྱོར་གྱི་གནས་ཚུལ་སྤེལ་བཞིན་ཡོད་འདུག 

གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཨང་གཉིས་པ་ཚོང་པ་གྷའོ་ཡིས། ཧན་ཀའོ་ཡུ་ལ་དམར་ཤོག་གསར་ཁང་ཚོས་རྒྱབ་སྐྱོར་བྱེད་བཞིན་པ་དེར་དོགས་སློང་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཁར། ཐེངས་འདིར་སྲིད་འཛིན་འོས་མིར་ཁོང་ཕམ་ཁ་བྱུང་ཡོད་ཀྱང་། ཐེངས་འདིའི་བསམ་ཚུལ་བསྡུ་ལེན་གྱི་ལས་གཞིར་གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་མི་མིན་པ་རྣམས་ཀྱང་མཉམ་ཞུགས་བྱེད་རྒྱུ་ཡོད་འདུག་པས། ལྕམ་ཚེ་ཡེ་ཝན་གྱི་རྒྱབ་སྐྱོར་བ་ཚོས་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཀའོ་ཡུ་ནི་ཁ་གཏད་ཞན་པ་མཐོང་ནས། ཁོང་ལ་རྒྱབ་སྐྱོར་བྱས་པའི་དོགས་པ་བྱེད་མཁན་ཡོད་འདུག་པས། ཚོང་པ་གྷའོ་ཡིས་སྲིད་དོན་ཚོགས་པའི་འོས་མི་མིན་པར་སྒེར་གྱི་ཐོག་ནས་སྲིད་འཛིན་འོས་འགྲན་བྱེད་སྲིད་པ་རེད་འདུག དེའི་ཐོག་ཐའེ་ཝན་གྱི་རྒྱལ་ས་ཐའེ་པཱི་ཡི་སྤྱི་ཁྱབ་པས་ཀྱང་སྒེར་གྱི་ཐོག་ནས་སྲིད་འཛིན་འོས་མིར་ལངས་སྲིད་འདུག་པས། ཐའེ་ཝན་ནང་ཁོང་གསུམ་པོ་རྒྱ་ནག་དང་འབྲེལ་ལམ་ཡག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། ལངས་ཕྱོགས་དེར་རྒྱབ་སྐྱོར་བྱེད་མཁན་ཐའེ་ཝན་མི་མང་གི་འོས་ཤོག་ཁ་འཐོར་འགྲོ་བའི་ཉེན་ཁ་དང་། ལྕམ་ཚེ་ཡེ་ཝན་ལ་རྒྱལ་ཁ་ཐོབ་རྒྱུའི་གོ་སྐབས་ཡང་ཡོད་འདུག 

གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཀའོ་ཡུ་ཡིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ། ཁོང་ནི་མི་མང་གི་སྲིད་འཛིན་ཞིག་བྱེད་རྒྱུ་ཡིན་པ་དང་། ཐའེ་ཝན་མི་མང་ཕྱུག་པོ་བཟོ་རྒྱུ་ཡིན་སྐོར་བརྗོད་པ་ལས། ལས་གཞི་གང་འདྲ་སྤེལ་ནས་ཁས་ལེན་དེ་དག་སྒྲུབ་རྒྱུ་ཡིན་པ་བརྗོད་མི་འདུག་པས། དེའི་ཐོག་ལས་ཀ་བྱེད་རྒྱུ་ལྷག་ཡོད་ཁར། གོ་མིན་ཏང་སྲིད་དོན་ཚོགས་པའི་གནད་ཡོད་མི་སྣ་རྣམས་ལས་རྒྱབ་སྐྱོར་ཐོབ་ཐབས་ཡང་བྱེད་དགོས་པ་ཡིན་འདུག 

རྒྱ་ནག་གཞུང་གིས་བརྒྱུད་སྐུལ་བྱས་པའི་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ལས་འགུལ། དེ་བཞིན་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཐའེ་ཝན་གྱི་གསར་ཁང་ཚོས། ལོ་རྗེས་མའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུར་ཤུགས་རྐྱེན་བཟོ་རྒྱུའི་ཉེན་ཁ་ཡོད་པ་ངོས་འཛིན་གྱིས། ཉེ་ཆར་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གི་གནས་ཚུལ་རྫུན་མ་མང་པོ་ཞིག་ཐའེ་ཝན་ནང་ཁྱབ་སྤེལ་གཏོང་བཞིན་པར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།