རྒྱ་ནག་སྐམ་ས་ཆེན་མོའི་ནང་མང་ཙམ་འགྲོ་ཐུབ་ན་ཡག་པོ་ཡོད།
ཕྱི་ཟླ་༤ ཚེས་༡༨ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ཐེ་ཝན་དང་ཧོང་ཀོང། མེཀ་ཁོ་བཅས་ནས་ཡིན་པའི་རྒྱ་རིགས་དང་། དེ་བཞིན་སོག་པོ་དང་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་བསྩལ་ཡོད་པ་རེད།
ཕྱི་ཟླ་༤ ཚེས་༡༨ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ནང་ཐེ་ཝན་དང་ཧོང་ཀོང། མེཀ་ཁོ་བཅས་ནས་ཡིན་པའི་རྒྱ་རིགས་དང་། དེ་བཞིན་སོག་པོ་དང་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ལ་བཀའ་སློབ་བསྩལ་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤ ཚེས་༡༨ ཉིན་༧གོང་ས་མཆོག་གིས་རྒྱ་རིགས་ཚོར་བཀའ་སློབ་གནང་དོན། “ངོས་རང་ས་ཆ་གང་དུ་བསྐྱོད་ཀྱང་རྒྱ་རིགས་གྲོགས་པོ་ཚོར་ཐུག་རྒྱུ་ཧ་ཅང་དགའ་པོ་ཡོད། སྤྱིར་བཏང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་བོད་གཉིས་ཆོས་སྲིད་གང་ཐད་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། དེ་བཞིན་རྒྱ་གར་ནི་ཆོས་ཕྱོགས་ནས་ང་ཚོའི་དགེ་རྒན་དང་། རྒྱ་ནག་ནི་སློབ་མ་རྒན་པ་ཆགས་ཡོད། དེར་བརྟེན་ད་ལྟའི་ཆར་ང་ཚོ་སློབ་མ་གཞོན་པ་ཚོར་དཀའ་ངལ་འཕྲད་སྐབས། སློབ་མ་རྒན་པ་ཚོས་ལྟ་རྟོག་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་”ཅེས་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས་མུ་མཐུད་རྒྱ་བོད་འབྲེལ་ལམ་སྐོར་ལ་བཀའ་སློབ་གནང་དོན། “ལྷག་པར་དེང་སྐབས་རྒྱ་རིགས་དང་བོད་མིའི་བར་འབྲེལ་བ་སྔར་ལྷག་ཡར་རྒྱས་འགྲོ་ཡི་ཡོད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་དབར་ཐུག་སྟེ་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད། ལྷག་པར་ཐེ་ཝན་དང་ཧོང་ཀོང་ནས་ཡིན་པའི་རྒྱ་རིགས་ཚོས་གནས་ཚུལ་ཆ་ཚང་ཤེས་ཀྱི་ཡོད་སྟབས། རྒྱ་རིགས་གྲོགས་པོ་ཚོར་གསལ་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེ། དེ་བཞིན་ཁྱེད་རང་ཚོས་རྒྱ་ནག་ནང་གནས་སྐོར་དང་ཚོང་ལས། རིག་གཞུང་གི་ལས་ཀ་སོགས་བརྒྱུད་ནས་འབྲེལ་བ་ཤུགས་ཆེ་ཙམ་བྱེད་དགོས། སྐམ་ས་ཆེན་མོའི་ནང་མང་ཙམ་འགྲོ་ཐུབ་ན་ཡག་པོ་ཡོད། བོད་ཀྱི་གནས་ཚུལ་ངོ་ཐོག་ག་འདྲ་ཆགས་ཡོད་མེད་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་ཐུབ་ན་ཡག་པོ་ཡོད། སྤྱིར་བཏང་འདི་ནི་ཆབ་སྲིད་ཀྱི་སྐད་ཆ་ཆགས་ཀྱི་འདུག དཔེར་ན། རང་ལུས་མེར་སྲེག་གཏོང་ཐུབ་པའི་སྙིང་སྟོབས་ཡོད་མཁན་གྱི་མི་འདི་ལྟ་བུས་མི་གཞན་ལ་གནོད་པ་སྐྱེལ་ཐུབ་ཀྱི་རེད་ཀྱང། གཞན་ལ་འཚེ་བ་བྱས་མེད་”ཅེས་བཀའ་སློབ་གནང་འདུག
དེ་བཞིན་༧གོང་ས་མཆོག་གིས། “ང་ཚོ་དང་རྒྱ་ནག་གཞུང་ཐད་ཀར་འབྲེལ་བ་ཕྱི་ལོ་ ༡༩༧༩ ལོར་བྱུང་བ་རེད། ང་ཚོའི་ངོས་ནས་ཕྱི་ལོ་༡༩༧༤ ལོར་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་གསལ་པོ་བཟོས་ཡོད། ང་ཚོས་རྩོད་བཞིན་པ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་དང་རིག་གཞུང། སྐད་ཡིག་གཅེས་འཛིན་གོང་སྤེལ་བྱེད་རྒྱུ་སོགས་ཀྱི་ཐོབ་ཐང་གསལ་བ་དེ་མཚུངས་ཀྱིས་བོད་རིགས་ས་ཁུལ་ངོས་འཛིན་ཡོད་པ་ཁག་ལ་ལག་བསྟར་དོན་འཁྱོལ་གཅིག་མཚུངས་བྱེད་རོགས་ཞེས་བརྗོད་ཀྱི་ཡོད། ལྷག་པར་རྒྱ་ནག་ནང་གི་མཁྲེགས་འཛིན་ཅན་གྱི་འགོ་ཁྲིད་ཁག་གཅིག་གིས་རྒྱལ་ཁབ་ཁ་བྲལ་འགྲོ་བའི་ཉེན་ཁ་བརྗོད་ནས་བོད་ཀྱི་སྐད་ཡིག་གལ་ཆུང་བར་འཛིན་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་འདུག གང་ལྟར་བོད་པའི་སྐད་ཡིག་འདི་མི་རིགས་ཀྱི་སྐད་ཆ་ཁོ་ན་མ་རེད། འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆ་ཚང་བ་བོད་པའི་སྐད་ཡིག་ནང་ཡོད། དཔེར་ན། ཁྱེད་རང་ཚོ་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་ཞིག་ཡིན་སྟབས། བོད་པའི་སྐད་ཡིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡོང་རྒྱུར་ཕྲན་བུ་དོ་སྣང་བྱེད་ཐུབ་ན་ཡག་པོ་ཡོད། བོད་པར་སྐད་ཡིག་ཟུར་དུ་ཡོད་པར་ཉེན་ཁ་གང་ཡང་མེད། ངོས་ཀྱིས་ནམ་རྒྱུན་རྒྱ་རིགས་གྲོགས་པོ་ཚོར་བརྗོད་ཀྱི་ཡོད། རྒྱ་གར་ལ་ལྟོས་དང་། རྒྱ་གར་ཤར། ལྷོ། ནུབ། བྱང་། རྣམས་སྐད་དང་ཡི་གེ་ཐ་དད་རེད་ཀྱང་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་གང་ཡང་མེད། ཚང་མ་ཐོབ་ཐང་འདྲ་མཉམ་ཐོག་ཁྲིམས་ཀྱི་དབང་བསྒྱུར་འོག་རང་དབང་ཡིན་སྟབས། ཚང་མས་ཐུན་མོང་གི་ཁེ་ཕན་མཐོང་སྟེ་སྡོད་ཀྱི་ཡོད། དེར་བརྟེན་བོད་པར་སྐད་ཡིག་ཟུར་གསལ་ཞིག་ཡོད་པ་དེར་ཉེན་ཁ་གང་ཡང་མེད། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོའི་སྐབས་མི་རིགས་འཆམ་མཐུན་བརྗོད་ཀྱང་དོན་དངོས་ཐོག་རྡུང་རྡེག་ཚ་ནན་བྱས་པར་བརྟེན་ནོར་འཁྲུལ་ཞིག་ཆགས་ཡོད། འཆམ་མཐུན་ཞེས་པ་ནི་ཕན་ཚུན་སེམས་ནང་ཡིད་ཆེས་ལས་ཡོང་དགོས་པ་ཞིག་རེད་མ་གཏོགས་འཇིགས་སྣང་དང་ཡིད་ཆེས་གཉིས་མཉམ་དུ་འགྲོ་ཐུབ་ཀྱི་མེད། དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཉིས་བརྒྱ་ལྷག་ནང་ནས་ཕྱིའི་རྒྱལ་སྲུང་གི་བདེ་འཇགས་ཀྱི་འགྲོ་གྲོན་ལས་ནང་གི་རྒྱལ་སྲུང་གི་བདེ་འཇགས་ཀྱི་འགྲོ་གྲོན་མང་བ་གཏོང་མཁན་རྒྱ་ནག་གཅིག་པུ་ཡིན་གྱི་རེད་”ཅེས་བཀའ་སློབ་གནང་བ་དང། སོག་པོ་དང་བོད་རིགས་ཚོར་ཡང་བཀའ་སློབ་བསྩལ་ཡོད་པ་རེད།།