རྒྱ་མི་ཞིག་གིས་སྲིད་གཞུང་ལས་ཁུངས་མདུན་རང་ལུས་མེར་བསྲེགས།
རྒྱ་ནག་ཨན་ཧུན་དུ་རང་ལོ་༦༡ ཡིན་པའི་གྲོང་གསེབ་ཀྱི་མི་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་འདུག་ནའང་། ད་ལྟའི་ཆར་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་གང་ཡིན་ཁ་གསལ་མི་འདུག
རྒྱ་ནག་ཨན་ཧུན་དུ་རང་ལོ་༦༡ ཡིན་པའི་གྲོང་གསེབ་ཀྱི་མི་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་འདུག་ནའང་། ད་ལྟའི་ཆར་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་གང་ཡིན་ཁ་གསལ་མི་འདུག
ཕྱི་ཟླ་༡ པོའི་ཚེས་༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ པ་ཙམ་ལ། རྒྱ་ནག་ཨན་ཧུན་ཞིང་ཆེན་ཧྥུ་ཡང་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་མདུན། རང་ལོ་༦༡ ཡིན་པའི་སྐྱེས་པའི་མིང་ལ་ཁྲན་ཅིང་ཧྲན་འབོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དོན་རྐྱེན་བྱུང་སྟེ་མི་རིང་བའི་རྗེས་ཉེན་རྟོག་པ་འབྱོར་ཏེ་མེ་བསད་པའི་རྗེས་སྨན་ཁང་དུ་བསྐྱལ་ཡོད་འདུག་ནའང་། དྲ་ལམ་ཁག་ཏུ་ཁྱབ་པའི་རང་ལུས་མེར་སྲེག་གཏོང་སྐབས་ཀྱི་པར་རིས་དག་ལས་མངོན་པ་ལྟར་ན། ཐོག་མར་ཁོང་གིས་རང་ལུས་ལ་སྣུམ་བླུགས་པའི་རྗེས་མེར་སྲེག་བཏང་ཡོད་པ་དང་། ཁོང་གི་མཁྲིས་སུ་མེར་གསོད་འཕྲུལ་ཆས་ཤིག་ཡོད་པ་དེ་བླངས་ཏེ་ཉེ་འཁོར་གྱི་མི་རྣམས་ཀྱི་མེ་གསོད་ཐབས་བྱས་ཀྱང་། མེ་ཤུགས་ཆེན་པོ་འབར་ཏེ་མཐའ་མར་ཁོང་གི་གོན་པ་ཁ་ཤས་མ་གཏོགས་མཐོང་རྒྱུ་མེད་པར་གྱུ་ཡོད་པ་རེད།
དེ་བཞིན་རྒྱ་ནག་ཨན་ཧུན་ཞིང་ཆེན་ཧྥུ་ཡང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ནས་ཕྱིར་བསྒྲགས་བྱས་པ་ལྟར་ན། རང་ལོ་༦༡ ཡིན་པའི་གྲོང་གསེབ་ཀྱི་མི་དེས་རང་ལུས་མེར་སྲེག་བཏང་བའི་རྗེས། སྨན་ཁང་དུ་བསྐྱལ་ཏེ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག་ནའང་། ད་ལྟའི་ཆར་ཤི་གསོན་གྱི་གནས་ཚུལ་ཁ་གསལ་མེད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་རང་ལུས་མེར་སྲེག་བཏང་དགོས་པའི་རྒྱུ་རྐྱེན་རྩོད་གཅོད་བྱེད་བཞིན་ཡོད་ཅེས་བརྗོད་པ་ཙམ་ལས། ད་ལྟའི་ཆར་གནད་དོན་ཅི་ཞིག་ལ་བརྟེན་ནས་སྲིད་གཞུང་གི་ལས་ཁུངས་མདུན་རང་ལུས་མེར་སྲེག་བཏང་ཡིན་མིན་ཁ་གསལ་ཤེས་རྟོགས་ཐུབ་མེད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།