རྒྱ་མི་ས་ཡ་གསུམ་བརྒྱ་མ་ཟིན་ཙམ་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་འདུག

ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་ཧིན་དུ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་༤༩ ཡི་ནང་དུ་མི་གྲངས་ས་ཡ་༢༩༡ ལྷག་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ས་ཁུལ་མང་པོའི་ནང་དུ་སྒོ་རྒྱ་བསྡམས་པ་དང་འགྲོ་འོང་ལ་དམ་བསྒྲགས། ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་ཕོན་ཆེན་བྱེད་བཞིན་པ་སོགས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དེ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། ཉེ་ཆར་ནོ་མོ་རྰ་(Nomura) ཞེས་པའི་ཚོགས་པ་ཞིག་གིས་ཞིབ་འཇུག་སྙན་ཐོ་ཞིག་སྟོན་ཡོད་པའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་༤༩ ཡི་ནང་དུ་མི་གྲངས་ཁྱོན་བསྡོམས་ས་ཡ་༢༩༡ ལྷག་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། གྲོང་ཁྱེར་༤༩ ཡི་མི་འབོར་གྱིས་རྒྱ་ནག་ཁྱོན་ཡོངས་ཀྱི་མི་འབོར་བརྒྱ་ཆ་༢༠.༧% ཟིན་གྱི་ཡོད་པ་མ་ཟད། རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP) ༢༤.༥% ཟིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

གྲོང་ཁྱེར་དེ་དག་ལས་དཀའ་ངལ་ཆེ་ཤོས་འཕྲད་ས་ནི་མི་མང་ས་ཡ་༢༡ ལྷག་ཡོད་པའི་སི་ཁྲོན་ཞིང་ཆེན་ཁྲིན་ཏུ་གྲོང་ཁྱེར་དང་རྒྱ་ནག་གི་ལྷོ་ཕྱོགས་སུ་ཆགས་པའི་མི་གྲངས་ས་ཡ་༡༨ ལྷག་ཡོད་པའི་ཧྲན་ཊན་གྲོང་ཁྱེར་གཉིས་ཆགས་ཡོད་འདུག རྒྱ་ནག་གཞུང་གིས་བདུན་ཕྲག་སྔོན་མའི་ནང་དུ་གྲོང་ཁྱེར་དེ་གཉིས་ལ་ཡོད་པའི་མི་ཚང་མ་ཁྱིམ་དུ་བསྡད་དགོས་པའི་བཀའ་བཏང་ཡོད་འདུག  སྐབས་དེར་ཁྲིན་ཏུ་གྲོང་ཁྱེར་ལ་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་བར་སྒོ་རྒྱ་བསྡམ་རྒྱུ་ཡིན་རབས་བརྗོད་ཡོད་ཀྱང་། ད་ལྟའི་ཆར་སྒོ་རྒྱ་མུ་མཐུད་ནས་སྡོམ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་འཕྲད་སའི་ས་ཁུལ་གཞན་རྣམས་ནི་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱ་ནག་གི་ཤི་ནི་(Xining)ས་ཆ། ཤི་ཅག་ཀྲོན་(shijiazhuang) ཀོས་ཡང་(Guiyang) སོགས་ཡིན་འདུག

རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་ཞིག་གིས་རྒྱ་ནག་གི་ནང་དུ་ཐན་པ་ཤུགས་ཆེ་བྱུང་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཀྱིས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུན་ཆེན་མོ་རག་གི་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་འཆར་ཡོད་མ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན

ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཀའ་ངལ་ཇེ་ཆུང་དང་དམ་བསྒྲགས་ཇེ་ཆུང་དུ་འགྲོ་བཞིན་པའི་དུས། རྒྱ་ནག་གི་ནང་དུ་སྔ་བཞིན་དམ་བསྒྲགས་དང་མུ་མཐུད་དུ་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་ཡོད་རབས་དང་། བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་བར་འཛམ་གླིང་ཁྱོན་ཡོངས་ལ་མི་གྲངས་ས་ཡ་ལྔ་བརྒྱ་ལྔ་བཅུ་ལྷག་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པ་དང་དེ་དག་གི་ཁྲོད་ནས་མི་གྲངས་ས་ཡ་དྲུག་ལྷག་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་སྤེལ་འདུག།

གསར་འགོད་པ།བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།