རྒྱབ་ཤ་དཀར་པོ་ནང་དོན་ནག་པོ།

ཕྱི་ཟླ་༤ ཚེས་༡༥ ཉིན་རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་བའི་“རྒྱབ་ཤ་དཀར་པོ་”ཟེར་བའི་ལོག་བཤད་ཀྱི་ཡིག་ཆ་ནག་པོ་ཞིག་འགྲེམས་སྤེལ་བྱས་སོང་བ་དང། དེའི་ནང་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༣༩ ཕྱི་ལོ་ ༢༠༡༥/༤/༢༢

ཕྱི་ཟླ་༤ ཚེས་༡༥ ཉིན་རྒྱ་དམར་དྲག་པོའི་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་བའི་“རྒྱབ་ཤ་དཀར་པོ་”ཟེར་བའི་ལོག་བཤད་ཀྱི་ཡིག་ཆ་ནག་པོ་ཞིག་འགྲེམས་སྤེལ་བྱས་སོང་བ་དང། དེའི་ནང་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་སྣ་ཚོགས་བྱས་འདུག ལོག་བཤད་དེའི་ནང་“ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྟོང་བསམ་དོར་ནས་དངོས་ཡོད་ལ་མཐོང་ཆེན་དང། ནོར་འཁྲུལ་ཡོ་བསྲང་བྱེད་པ་དང། དངོས་ཡོད་དང་མཐུན་ལ་བློ་རིག་ལྡན་པའི་འགྲོ་ལམ་གདམ་ག་བྱས་ཏེ་ཕྱི་རྒྱལ་དུ་ཡུལ་གྱར་སོང་བའི་བོད་རིགས་སྤུན་ཟླའི་ཆེད་དུ་དགེ་མཚན་ལྡན་པའི་བྱ་བ་བསྒྲུབ་རྒྱུའི་རེ་བ་ཡོད”ཅེས་བཤད་འདུག་ཀྱང། སུ་གཅིག་གིས་དྲན་སྐུལ་མི་དགོས་པར་བཙན་བྱོལ་བོད་མི་ཡོངས་རྫོགས་༧གོང་ས་མཆོག་གི་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས། རང་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་མ་ཟད། རྒྱུ་ནོར་དང་ཤེས་ཡོན་སོགས་གང་ཐད་ནས་གཞན་ལ་སྨོན་མི་དགོས་པ་ཞིག་བྱུང་ཡོད་པ་དེ་ཧ་ཅང་གསལ་པོར་གྱུར་ཡོད་པས་སེམས་ཁྲལ་རྫུན་མ་དགོས་དོན་གང་ཡང་མེད།

དེ་བཞིན་ལོག་བཤད་དེའི་ནང་“༡༩༧༩ ལོ་ནས་༢༠༠༢ ལོའི་བར་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྒེར་གྱི་འཐུས་མིར་སྣེ་ལེན་ཐེངས་༡༣ བྱས་པ་དང། ༢༠༠༢ ལོ་ནས་༢༠༡༠ ལོའི་ཟླ་དང་པོ་བར་ཁོང་ཚོ་རྒྱལ་ཁབ་ཏུ་ལོག་རྒྱུའི་མོས་མཐུན་ཐེངས་བཅུ་བྱས་ཡོད། འོན་ཀྱང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་དབྱང་གི་རེ་བ་ཆུད་ཟོས་ཡང་ཡང་བཏང་ནས་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་དང། དོན་དངོས་ཐོག་མེས་རྒྱལ་ཁ་ཕྲལ་གཏོང་བའི་འདོད་ཚུལ་ལྡན་པའི“དབུ་མའི་ལམ”མཐའ་འཁྱོངས་བྱེད་པ་མ་ཟད། པེ་ཅིང་ཨོ་རྩལ་འགྲན་ཚོགས་ལ་དྲག་ཤུགས་ཀྱི་འགོག་རྐྱེན་བཟོས་པ་དང། ལྷ་སའི“༣.༡༤”དོན་རྐྱེན། རང་སྲེག་གི་དོན་རྐྱེན་སོགས་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་རེད།”ཅེས་འཁྱོག་བཤད་བྱས་འདུག དུས་ཡུན་དེའི་རིང་བཙན་བྱོལ་བོད་གཞུང་གིས་ལྷག་བསམ་རྣམ་དག་གིས་རྒྱ་གཞུང་ལ་འབྲེལ་བྱས་ཀྱང། དོན་དམ་པའི་ཡ་ལན་སྣེ་གཅིག་མ་བྱས་པ་མ་ཟད། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྡོག་རོལ་དུ་བཏང་ནས་གོང་གསལ་གྱི་དོན་རྐྱེན་ཁག་བྱུང་བ་རེད།

རྒྱ་གཞུང་ལ་བཙན་བྱོལ་ནང་ནས་རྒྱུད་སྐུལ་བྱས་པའི་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་ལ། ཕྱོགས་གཅིག་ནས་རྒྱ་གཞུང་གིས་“རང་དབང་དང་ལྡན་ཞིང་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་”ཅེས་ཡང་ཡང་བསྒྲགས་པ་དེ་བདེན་ན། ཕྱི་ཕྱོགས་ནས་རྒྱུད་སྐུལ་བྱེད་མཁན་བྱུང་ཡང་དེ་དག་གི་ཁ་ལ་ཉན་ནས་རང་སྲོག་བློས་གཏོང་མཁན་དེ་འདྲ་མང་པོ་ཞིག་ཡོད་ཚུལ་ཨུ་ཚུགས་ཀྱིས་བཤད་པ་དེ་འཇིག་རྟེན་གྱི་ཆོས་ཉིད་དང་འགལ་བ་ཞིག་རེད། དེ་བཞིན་ཡིག་ཆ་དེའི་ནང་“བོད་གསར་པས་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པ། “ཞི་བ”དང“འཚེ་མེད”ཀྱི་རྫུན་རྣམ།”ཞིག་ཡིན་ཚུལ་བསྒྲགས་ཡོད་ཀྱང། ༧གོང་ས་མཆོག་གིས་དུས་རྒྱུན་ཁ་གསལ་གཏིང་གསལ་གྱི་ཐོག་ནས་བོད་དེ་རྒྱ་ནག་དང་ཁ་འབྲལ་རྒྱུ་མིན་ཞེས་ཡང་ཡང་གསུངས་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་སྤྲད་པའི་ཡིག་ཆ་དེའི་ནང་དུའང་གསལ་པོ་བཀོད་ཡོད་པས་རྒྱ་གཞུང་གི་དམ་དྲག་འོག་ཡོད་པའི་མི་མང་རྣམས་མགོ་སྐོར་གཏོང་བྱེད་ཙམ་དུ་བཟོས་པའི་ཧམ་བཤད་ཅིག་རེད།

ལོག་བཤད་དེའི་ནང་“ཏཱ་ལས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ཡོངས་བསྒྲགས་ངང་གསལ་བསྒྲགས་སྤེལ་བ་དང་‘བོད་རང་བཙན’གྱི་ལངས་ཕྱོགས་དོར་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་བཞག་ཚེ་ཀྲུང་དབྱང་དབར་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུ་གཞི་ནས་གླེང་ཆོག”ཅེས་སྔར་གྱི་སྐད་ཆ་རྙིང་པ་དེ་དག་བསྐྱར་བཟློས་བྱས་འདུག་ཀྱང། དོན་དངོས་ཐོག་ལོ་རྒྱུས་ཀྱི་གནས་སྟངས་དེ་དངོས་སུ་བྱུང་བ་ཁོ་ན་གཞིར་འཛིན་དགོས་པ་ལས། སུ་གཅིག་གིས་གསར་བཟོ་དང་རྫུན་བཟོ་བྱེད་ཐབས་མེད་པ་བཞིན། ༧གོང་ས་མཆོག་གིས་དེའི་ཐད་སྔོན་ནས་གསལ་པོ་བཟོས་གནང་ཟིན་པ་དེ་ལས་ལྷག་ཅིག་བསྐྱར་དུ་གསུང་རྒྱུ་མེད་ངེས་རེད། དོན་དུ་རྒྱ་གཞུང་གི་སྐད་ཆ་དེ་ལྟར་མུ་མཐུད་མཁྲེགས་འཛིན་གྱི་ཐོག་ནས་བརྗོད་དགོས་དོན་དེ། བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ལ་བརྟེན་ནས་བོད་དོན་ཐག་གཅོད་བྱ་རྒྱུའི་སྤོབས་པ་དང་གདེང་ཚོད་མེད་པའི་ནང་རྟགས་ཕྱིར་མངོན་པ་ཙམ་དུ་གྱུར་ཡོད།

ལོག་བཤད་དེའི་ནང་“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱས་པའི“དབུ་མའི་ལམ”ཟེར་བས་བོད་རང་བཙན་ངན་ཇུས་བྱེད་པའི་ལོག་སྤྱོད་ངོ་བོ་དམར་རྗེན་དུ་བཏོན་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང། ཆོས་ལུགས་ཐད་ཀྱི་གཡོ་ཟོལ་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་དམར་རྗེན་དུ་བཏོན་པ་བཅས་རེད།”ཅེས་སོགས་ཟེར།  ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་དང། ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་གྱི་བར་དུ་འཐབ་རྩོད་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་པ་རེད། དོན་དངོས་སུ་བཀའ་སྒྲུབ་མཁན་ཡིན་མིན་དང། སུ་སེམས་ཤུགས་ཅན་ཡིན་མིན་གྱི་རྣམ་པ་ཙམ་སྟོན་རྒྱུ་དེ་གཙོ་བོ་མ་ཡིན་པར། ང་ཚོའི་འཐབ་རྩོད་ཀྱི་སྲིད་བྱུས་དེ་ཤིང་གི་སྟ་རེ་བྲག་ལ་མི་ཟུག་པའི་དཔེ་བཞིན་རྒྱ་གཞུང་གིས་ཡ་ལན་གཏན་ནས་བྱེད་ཀྱི་མེད་དུས། དོན་མེད་ནང་ཁུལ་རྩོད་པ་ནི་འཇའ་ཐང་དང་དཔལ་ཐང་གི་ཆེ་ཆུང་བརྩད་ནས་སྤྲང་པོའི་མཁར་རྒྱུག་བཅགས་པའི་དཔེ་དང་གཅིག་མཚུངས་སུ་གྱུར་འདུག།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།