རྒྱབ་ཤ་དཀར་པོའི་ཡིག་ཆར་ངོ་རྒོལ་གྱི་ཁྲོམ་བསྐོར།
ཕྱི་ཟླ་༧ པའི་ཚེས་༡ ཉིན་ཧོང་ཀོང་མི་མང་ཁྲི་བཅུ་ལྷག་གིས་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་འདུག
ཕྱི་ཟླ་༧ པའི་ཚེས་༡ ཉིན་ཧོང་ཀོང་མི་མང་ཁྲི་བཅུ་ལྷག་གིས་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་འདུག
ཕྱི་ཟླ་༧ པའི་ཚེས་༡ ཉིན་ནི་དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་མི་ལོ་༡༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པ་དང་། ཉིན་དེའི་གུང་སེང་དང་སྟབས་བསྟུན་ཧོང་ཀོང་གི་མི་མང་ཉུང་མཐའ་ཡང་ཁྲི་བཅུ་ཙམ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། པེ་ཅིང་སྲིད་གཞུང་གིས་ཧོང་ཀོང་གི་འོས་འདེམས་ལ་སྟངས་འཛིན་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད།
རྔམ་སྟོན་ཁྲོམ་བསྐོར་བའི་ལག་ཏུ་“མང་གཙོ་ངོ་མ་”ཞེས་འཁོད་པའི་འཕྲེད་དར་བཟུང་སྟེ་པེ་ཅིང་ཕྱོགས་གཏོགས་ཀྱི་ཧོང་ཀོང་གི་འགོ་ཁྲིད་ལ་ངོ་རྒོལ་ཞེས་སྐད་འབོད་བྱས་ཡོད་ཅིང་། ངོ་རྒོལ་རྔམ་སྟོན་ཁྲོད་ཀྱི་མང་ཤོས་གཞོན་སྐྱེས་ཡིན་པ་དང་། ཁོང་ཚོས་ཝིག་ཌོ་རི་ཡ་གླིང་ག་ནས་གྲོང་ཁྱེར་གྱི་ལྟེ་བའི་ཚོང་ལས་ཁུལ་བར་དུ་ཁྲོམ་བསྐོར་བྱས་ཡོད་འདུག
ཧོང་ཀོང་གི་ཉེན་རྟོག་པའི་ཕྱོགས་ནས་ཁྲོམ་བསྐོར་བའི་ནང་དུ་འཛུལ་ཞུགས་པ་མི་གྲངས་ཁྲི་༡༠ མ་ཟིན་ཙམ་ཡོད་ལུགས་བརྗོད་ཡོད་ཀྱང་། ལས་འགུལ་གོ་སྒྲིག་པས་གྲངས་ཀ་དེའི་ནང་དུ་ཁྲོམ་བསྐོར་གྱི་ལམ་བར་དུ་འཛུལ་ཞུགས་བྱས་པའི་ངོ་རྒོལ་བའི་མི་གྲངས་ཚུད་མེད་སྐོར་བརྗོད་ཡོད་པ་རེད།
ཟླ་སྔོན་མའི་ཕྱི་ཚེས་༡༠ ཉིན་རྒྱ་གཞུང་གིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་སྐོར་གྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞེས་པ་ཞིག་གསར་ཏུ་འགྲེམས་སྤེལ་བྱས་ཡོད་པའི་ནང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་ཧོང་ཀོང་གི་ཁྲིམས་ལུགས་གཏན་འབེབས་ཀྱི་དབང་ཚད་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོའི་ཧོང་ཀོང་གི་སྲིད་འཛིན་བསྐོ་བཞག་བྱ་རྒྱུ་ཡིན་ལུགས་སོགས་བསྒྲགས་ཏེ། ཧོང་ཀོང་གི་ཕྱོགས་ཡོངས་ནས་སྟངས་འཛིན་སྔར་བས་ཤུགས་ཆེ་རུ་གཏོང་འཆཪ་གྱི་སྲིད་བྱུས་དེར། ཧོང་ཀོང་གི་མི་མང་དང་རྒྱ་ནག་གི་ཤེས་པ་མང་པོས་སྐྱོན་བརྗོད་བྱེད་བཞིན་པ་ལྟར། ཕྱི་ཟླ་༧ པའི་ཚེས་ ༡ ཉིན་དབྱིན་ཇི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ཉིན་མོ་དང་སྟབས་བསྟུན། ཧོང་ཀོང་གི་མི་མང་ཁྲི་༡༠ ལྷག་མཉམ་ཞུགས་བྱས་ཏེ་པེ་ཅིང་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་པ་རེད།།