རྒྱའི་གཞུང་ཚབ་ཁང་གིས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་“བོད་རང་བཙན་”ལ་རྒྱབ་སྐྱོར་བྱེད་མི་དགོས་ཟེར་འདུག 

ཟླ་འདིའི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་གོ་སྒྲིག་འོག་ནས་ལྡི་ལི་ཨིམ་ཕེ་རལ་(Imperial hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་བཤམས་ནས་བདུན་ཕྲག་གཅིག་ལྷག་ཕྱིན་པའི་རྗེས། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གིས་གསོལ་སྟོན་ཁང་དེར་བཅར་མཁན་གྱི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ལ་ཡི་གེ་བཏང་ནས་“བོད་རང་བཙན་”ལ་རྒྱབ་སྐྱོར་བྱེད་མི་དགོས་པའི་དགོས་འདུན་བཏོན་ཡོད་འདུག 

ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ཀྲའོ-ཡོན་ཧྲིན་(Zhou Yongsheng) གྱིས་ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བསྐུར་བའི་ཡི་གེ་དེའི་ནང་། ཁོས་“ཤེས་གསལ་ལྟར། ‘བཙན་བྱོལ་བོད་གཞུང་’ཟེར་བ་དེ་ཁ་བྲལ་བའི་ཆབ་སྲིད་ཚོགས་པ་ཞིག་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་རེད། དེ་འཛམ་གླིང་གི་རྒྱལ་ཁབ་སུ་གཅིག་གིས་ཀྱང་ངོས་འཛིན་བྱེད་ཀྱི་མེད་”ཅེས་བརྗོད་འདུག 

ད་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ནས་ ༢༢ བར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིར་མཇལ་འཕྲད་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐབས་སོགས་ཀྱི་བོད་དོན་ཞུ་སྐུལ་རྒྱ་ཆེ་གནང་ཡོད་ཅིང་། ཚེས་ ༢༢ གྱི་དགོང་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ནས་གོ་སྒྲིག་འོག་ལྡི་ལི་ཨིམ་ཕེ་རལ་ (Imperial hotel) གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། ཚོགས་ཕེབས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Raj Sabha member from Odisha)རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་གཞག་གནང་།

རྒྱ་ནག་གི་གཞུང་ཚབ་ཁང་ནས་བཏང་བའི་ཡི་གེ་དེའི་ནང་། རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་ཡིག་ཆ་མང་པོའི་ནང་དུ་རྒྱ་གར་གཞུང་གི་ངོས་ནས་“བོད་རང་སྐྱོང་ལྗོངས་”རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་འཛིན་དང་། དེ་བཞིན་རྒྱ་གར་གཞུང་གིས་བོད་མི་ཚོ་ལ་རྒྱ་ནག་ལ་གནོད་པའི་ལས་དོན་སྤེལ་དུ་མི་འཇུག་པའི་ཁས་ལེན་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་འདུག་པ་མ་ཟད། རྒྱ་ནག་གིས་“རང་བཙན་སྟོབས་ཤུགས་”ཀྱིས་སྤེལ་བའི་ལས་འགུལ་ཅི་འདྲ་ཞིག་ཡིན་རུང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཤད་ཡོད་འདུག 

ཉེ་བའི་ཆར་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ཞིག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ལ་དེ་ལྟར་ཡེ་གེ་བཏང་བའི་གནས་ཚུལ་ཞིག་བྱུང་མེད་པར་བརྟེན། ལྡི་ལིའི་གཞུང་གིས་དེ་ནི་རྒྱུན་ལྡན་གྱི་ཆབ་སྲིད་འབྲེལ་ལམ་གྱི་ལམ་སྲོལ་དང་མི་མཐུན་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་འདུག

རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་(Shri Sujeet Kumar) གྱིས་རྒྱ་ནག་གཞུང་ཚབ་ཁང་གི་བྱེད་སྟངས་དེ་རྒྱུན་ལྡན་གྱི་ལམ་སྲོལ་དང་ཡོངས་སུ་འགལ་ཡོད་པ་དང་། རྒྱའི་གཞུང་ཚབ་ཁང་གིས་འཛམ་གླིང་གི་མང་གཙོ་ཆེ་ཤོས་ཀྱི་གྲོས་ཚོགས་འཐུས་མི་ལ་ཡི་གེ་བཏང་ཕོད་པ་དེ་དཔེར་མི་སྲིད་པ་རེད་ཅེས་བརྗོད་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།