རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུ་མཁན་རྒྱ་མི་ཇེ་མང་དུ་འགྲོ་བཞིན་འདུག

ཟླ་འདིའི་ཚེས་༡༩ཉིན་ (Bloomberg) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ནང་དུ་ཡོད་པའི་འབྱོར་ལྡན་ཅན་མང་པོ་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་གནས་སྤོ་བྱེད་འདོད་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ནང་དུ་འདས་པའི་ཟླ་བ་མང་པོའི་རིང་ཏོག་དབྱིབས་གཉན་རིམས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་གྱིས་དུས་ཡུན་རིང་པོ་སྒོ་རྒྱ་བསྡམས་པ་དང་། འགོག་དབྱེ་ཟུར་འཇོག་བྱས་ཡོད་པའི་ཁར། ཉེ་ཆར་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་འགྲོ་བཞིན་པ་མ་ཟད། ཆབ་སྲིད་ཀྱི་དམ་དྲག་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན།ད་ལྟའི་ཆར་རྒྱ་ནག་གི་ནང་དུ་ཡོད་པའི་འབྱོར་ལྡན་ཅན་༡༠༠༠༠ ལྷག་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་གནས་སྤོ་བྱེད་འདོད་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་གཞུང་གིས་ཕྱིར་སྐྱོད་ལག་ཁྱེར་རག་པར་དུས་ཡུན་རིང་དུ་བཏོང་ཡོད་པ་མ་ཟད། དགོས་མཁོ་ཡི་ཡིག་ཆ་ཇེ་མང་དུ་བཏང་ཡོད་འདུག ལྷག་པར་དུ་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་དངུལ་ཕྱིར་གཏོང་བ་ལ་ཚད་བཀག་བཟོས་ཡོད་འདུག་པས་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་འགྲོ་རྒྱུ་དེ་ཡང་དཀའ་ལས་ཁག་ཏུ་ཕྱིན་ཡོད་འདུག་པས། རྒྱ་ནག་གཞུང་གིས་འབྱོར་ལྡན་པ་དག་རྒྱ་ནག་ནས་རྒྱལ་ཁབ་གཞན་དུ་འགྲོ་བཅུག་སྲིད་མིན་གྱི་ཐོག་ལ་ལབ་གླེང་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱི་ལོ་༢༠༡༢ ལོར་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུ་མི་རྒྱ་མི་ཁྲི་གཅིག་དང་ལྔ་སྟོང་བྱུང་ཡོད་པ་དང་། སྤྱི་ལོ་༢༠༢༠་ལོར་སྐྱབས་བཅོལ་ཞུ་མི་རྒྱ་མི་འབུམ་གཅིག་དང་སྟོང་ཕྲག་བདུན་ལྷག་བྱུང་ཡོད་པ་འདུག་ལ། སྤྱི་ལོ་༢༠༡༢་ནས་བཟུང་ད་ལྟའི་བར་དུ་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ཞུ་མི་རྒྱ་མི་ཁྱོན་བསྡོམས་འབུམ་དྲུག་དང་ཁྲི་གཅིག་སུམ་སྟོང་ལྷག་བྱུང་ཡོད་རབས་བརྗོད་འདུག་པས། སྤྱི་ལོ་༢༠༡༢་ལོ་ཞིང་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུ་མཁན་གྱི་རྒྱ་མི་ཇེ་མང་དུ་ཕྱིན་ཡོད་རབས་ཀྱི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།