རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི།
སྦིར་དང་ཅོན་ཏ་ར་ཁུལ་དུ་རྟེན་གཞི་བྱས་པའི་ནང་ཆེན་རིག་གཞུང་ཚོགས་པའི་གོ་སྒྲིག་འོག ཅོན་ཏ་ར་མི་མང་ཚོགས་ཁང་གི་མདུན་ཐང་དུ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དགུང་གྲངས་༣༤ རུ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ས་གནས་ནས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ལོ་༢༠༡༩ ཟླ་༦ ཚེས་༢༦ ཉིན། བོད་ཕྱི་ནང་གཉིས་དང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྦིར་དང་ཅོན་ཏ་ར་ཁུལ་དུ་ཡོད་པའི་ནང་ཆེན་རིག་གཞུང་ཚོགས་པའི་གོ་སྒྲིག་འོག ཞོགས་པ་ཆུ་ཚོད་༨ ཀྱི་ཐོག་མཆོག་གླིང་བྱེས་ཀྱི་གདན་ས་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་གི་དགེ་འདུན་པ་རྣམས་ཀྱིས། དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་ཞབས་རིམ་གྱིས་མཚོན་སྐྱེ་འགྲོ་སྤྱིའི་བདེ་དོན་ཆེད་སྨོན་ལམ་གསུངས།
སྔ་དྲོ་ཆུ་ཚོད་༩།༣༠ སྐུ་མགྲོན་གཙོ་བོ་སྡེ་དགེ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སྡེ་དགེ་སྲས་འཆི་མེད་རྡོ་རྗེ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན། ནང་ཆེན་ས་གནས་འགོ་འཛིན་པདྨ་གཡུ་སྒྲོན། སྦིར་སྡེ་དགེ་གཞིས་ཆགས་དང་། ནང་ཆེན་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་རྣམ་པ། ཅོན་ཏ་ར་སམ་བྷོ་ཊའི་སློབ་སྤྱི། སྦིར་ལི་ལི་ཚོགས་པའི་ཚོགས་གཙོ་སོགས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ། དགོན་སྡེ་ཁག་གི་སྐུ་ཚབ། སྡེ་ནང་གཉིས་དང་ལི་ལི་ཚོགས་པ་བཅས་ཀྱི་མི་མང་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཐོག་མ་ཆུ་ཚོད་༩།༤༠ ཐོག་སྡེ་དགེ་སྲས་འཆི་མེད་རྡོ་རྗེ་མཆོག་གིས་སྣང་གསལ་ཞལ་དབྱེ་གནང་བ་དང་། སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཐུན་མོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧རྒྱལ་དབང་ཀརྨ་པའི་སྐུ་པར་རྣམ་པ་གཉིས་ལ་མཇལ་དར་ཕུལ་བ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་མཚུར་ཕུ་བླ་བྲང་ནས། ནང་ཆེན་རིག་གཞུང་ཚོགས་པར་ཆེད་དུ་གནང་བ་རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་དང་འབྲེལ་བའི་གསུང་འཕྲིན་ཤོག་གྲངས་གསུམ་ཡོད་པ་དེ་སྒྲོགས་སྦྱང་ཞུས་རྗེས། འཁྲུངས་སྐར་དང་འབྲེལ་བའི་སྤྲི་གོར་གཏུབ་འགྱེད་སོགས་ཀྱི་ལས་རིམ་གྲུབ་རྗེས། ནང་ཆེན་རིག་གཞུང་ཚོགས་པ་དང་། ཅོན་ཏ་ར་སཾ་བྷོ་ཊ་སློབ་གྲྭ། མི་སྒེར་བཅས་ཀྱིས་ཉིན་གང་གཞས་སྣ་གཟིགས་འབུལ་དང་། ཉིན་གུང་དགོང་དྲོ་བཞེས་ལག་བཅས་སེར་སྐྱ་མི་མང་ཚང་མ་ཕུལ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།