རྒྱལ་བ་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པ་ཁྲི་འདོན་དང་བརྟན་བཞུགས་ཕུལ་བ། 

ཇོ་ནང་རྒྱལ་ཚབ་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་ཇོ་ནང་རྒྱལ་ཚབ་སྐབས་གཉིས་པར་མངའ་གསོལ་དང་བརྟན་བཞུགས་འབུལ་བའི་མཛད་སྒོའི་ཐོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཇོ་ནང་ཡང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གཞན་དང་གཅིག་མཚུངས་བྱེད་པའི་འབད་བརྩོན་ཞུ་བཞིན་ཡོད་པ་དང་། རིང་པོར་མི་ཐོགས་པར་རྒྱལ་བ་ཇོ་ནང་བའི་དཀའ་ངལ་དེ་དག་སེལ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་།

དེ་ཡང་ཕྱི་ཟླ་༡༠ ཚེས་༩ ཉིན་དྷ་ས་ནོར་གླིང་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་དུ་རྒྱལ་བ་ཇོ་ནང་པའི་རྒྱལ་ཚབ་སྐབས་གཉིས་པའི་ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་ཁྲི་སྟོན་མཛད་སྒོ་ཟབ་རྒྱས་ཤིག་སྐོང་འཚོགས་བྱས་པའི་ཐོག སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས། བཀའ་བློན་ཟུར་པ་༧ཀིརྟི་རིན་པོ་ཆེ་བཅས་དང་། གཞན་ཡང་བོད་མི་མང་གི་སྤྱི་འཐུས་ཁག་ཅིག་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་གི་བླ་ཆེན་དབུ་འཛིན་རྣམ་པའི་སྐུ་ཚབ། རྒྱལ་ཕྱི་ནང་གི་དད་ལྡན་སེར་སྐྱ་མི་མང་འཛོམས་འདུག 

སྔ་དྲོ་ཆུ་ཚོད་༡༠ ལ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྒྱ་གླིང་དང་སྤོ་སྣ་དང་བཅས་ཚོགས་གུར་དུ་ཕེབས་ནས་ཁྲི་ལ་འཁོད་རྗེས། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དང་ཁྲི་སྟོན་བརྟན་བཞུགས་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ཚུལ་ཁྲིམས་བཟང་པོ་དང་། སློབ་སྟོན་པ་བླ་མ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་བོད་དབྱིན་སྐད་ཡིག་གཉིས་ཀྱི་ཐོག་ནས་མཛད་སྒོ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། དེ་ནས་རྒྱལ་ཚབ་མཆོག་ལ་མནྡལ་རྟེན་གསུལ་འདེགས་འབུལ་དང་མཇལ་ཁ་ཞུས། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་སྤྲུན་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེས་༧གོང་ས་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བླ་ཆེན་དབུ་འཛིན་རྣམ་པའི་སྐུ་ཚབ་དག་གིས་རྒྱལ་བ་ཇོ་ནང་པའི་གལ་ཆེའི་རང་བཞིན་དང་འབྲེལ་བའི་གསུང་བཤད་གནང་རྗེས། བཀྲ་ཤིས་པའི་གླུ་ལེན་དང་བྲོ་འཁྲབ་སོགས་རིམ་པ་བཞིན་བྱས་སོང་། 

ཁྲི་སྟོན་མཛད་སྒོའི་ཐོག་ཏུ་༧ཀིརྟི་རིན་པོ་ཆེས་ཁོང་སྐུ་གཟུགས་དེ་ཙམ་བདེ་པོ་མེད་ཀྱང་། ཇོ་ནང་པའི་ཆོས་བརྒྱུད་དེ་ཉག་ཕྲ་བའི་སྐབས་ཡིན་སྟབས་རྒྱབ་སྐྱོར་མཚོན་བྱེད་དུ་ཕེབས་པ་ཞིག་ཡིན་སྐོར་གསུངས་པའི་ཐོག ཇོ་ནང་བའི་བསྟན་པ་འཛིན་རྒྱུ་དེ་ཇོ་ནང་བ་ཚོ་རང་ལ་རག་ལས་ཡོད་པ་དང་། ཁོང་དང་ཇོ་ནང་བའི་བར་འབྲེལ་བ་ཤིན་ཏུ་ལེགས་པོ་ཡོད་པ། ད་ལྟའི་རྒྱལ་ཚབ་ཁོང་ཚུལ་མཐུན་གནང་མཁན་ཞིག་ཡིན་སྟབས། མ་འོངས་པར་ཇོ་ནང་བའི་བསྟན་པ་སྤྱི་ལ་ཕན་ཐོགས་མཁན་ཞིག་ཏུ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད་སྐོར་སོགས་གསུངས་སོང་། 

དེ་བཞིན་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་ཀྱིས་ཀྱང་ཇོ་ནང་གཞིས་བྱེས་གཉིས་ཀྱི་དགོན་སྡེ་བླ་སྤྲུལ་མང་པོ་ཞིག་གིས་ཇོ་ནང་བསྟན་པའི་བསྟན་བདག་དང་། རྒྱལ་ཚབ་ཐུགས་གཏན་ཁེལ་ནས་༧གོང་ས་མཆོག་ལ་སྙན་གསན་ཞུས་པ་ལྟར། ༧གོང་ས་མཆོག་ནས་ལེགས་གསོལ་བསྔགས་བརྗོད་གནང་བའི་ཐོག་ནས་ཇོ་ནང་རྒྱལ་ཚབ་སླར་ཡང་ཕེབས་པ་ཡིན་སྟབས། བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ཚབ་བྱས་ཏེ་རྒྱལ་ཚབ་རིན་པོ་ཆེ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང། སྐུ་ཚེ་བརྟན་ནས་བསྟན་པ་སྤྱི་དང་བྱེ་བྲག་གི་མཛད་འཕྲིན་དུས་དང་མཐུན་པ་ཞིག་སྐྱོང་ཐུབ་པའི་རེ་བ་དང་། ཡིད་ཆེས། སྨོན་ལམ་བཅས་ཞུས་པ་མ་ཟད། བཙན་བྱོལ་ནང་གི་ཁྲིམས་སྒྲིག་གཞི་དང་། ཆེ་ས་ནས་བཅའ་ཁྲིམས་ཀྱིས་མཚོན་པའི་གནས་སྟངས་མང་པོ་ཞིག་གི་དབང་གིས་ཇོ་ནང་གི་ཆོས་བརྒྱུད་དེ་བོད་ཀྱི་ཆོས་བརྒྱུད་ཆེ་བའི་ནང་ཚུད་མེད་པ་དེ་དངོས་ཡོད་གནས་ཚུལ་ཡིན་ཡང་། ཆོས་རིག་ལས་ཁུངས་ཀྱིས་དུས་ནས་དུས་སུ་གོ་སྒྲིག་ཞུས་པའི་ཆོས་ཚོགས་གལ་ཆེན་ཞིག་གི་ཐོག་ལ་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་ཐད་ལ་བགྲོ་གླེང་བྱུང་བའི་སྐབས། ཇོ་ནང་ཆོས་བརྒྱུད་དེ་ལྟ་བའི་ཆ་ནས་དང་། བརྒྱུད་པའི་ཆ་ནས་རང་ཚུགས་ཐུབ་པའི་ཆོས་བརྒྱུད་ཅིག་ཡིན་པའི་ངོས་འཛིན་གཙང་མ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་དེ་ག་རང་ངོས་འཛིན་བྱས་ནས་འཛིན་སྐྱོང་གི་ཐོག་ནས་ཆོས་བརྒྱུད་གཞན་དང་གཅིག་པ་གཅིག་རྐྱང་བྱེད་པའི་འབད་བརྩོན་ཞུས་དང་ཞུ་མུས་སུ་ཡོད་སྟབས། ཕན་ཚུན་གཉིས་ཀས་བསམ་ཤེས་བྱས་པའི་ཐོག་ནས་རིང་པོར་མི་ཐོགས་པར་རྒྱལ་བ་ཇོ་ནང་བའི་དཀའ་ངལ་དེ་དག་སེལ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་སོང་།

དམིགས་བསལ་གྱི་མཛད་སྒོ་དེའི་ཐོག་ལ་ཇོ་ནང་རྒྱལ་ཚབ་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་ནས་དད་ལྡན་སེར་སྐྱ་ཡོངས་ལ་བླང་དོར་གྱི་བཀའ་སློབ་གནང་བའི་ནང་། རྒྱལ་བ་ཇོ་ནང་བའི་བསྟན་པའི་ཁུངས་དང་འཕེལ་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། ཁོང་ལྟ་བུ་ལ་མཚོན་ན་གྲྭ་པ་དཀྱུས་མ་ཞིག་པ་ལས་དམིགས་བསལ་གང་ཡང་མེད་ཀྱང་། སྤྱིར་སངས་རྒྱས་བསྟན་པ་དང་། ལྷག་པར་དུ་ཇོ་ནང་པའི་བསྟན་པ་ཉག་ཕྲ་བའི་སྐབས་འདི་ལ་མིང་ཙམ་གྱིས་ཕན་པ་ཡོད་ནའང་རང་གི་བསོད་ནམས་སུ་དགོངས་ནས་ཐུགས་འགན་དེ་བཞེས་པ་ཡིན་སྐོར་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།