རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མིའི་དགག་བྱའི་དབང་ཚད་དང་འབྲེལ་ནས་གྲོས་ཆོད་གསར་པ་ཞིག་བཞག་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནང་དུ་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཚོས་གནད་དོན་གཅིག་གི་ཐོག་ཏུ་དགག་བྱའི་དབང་ཚད་བེད་སྤྱོད་བཏང་ཚེ། ཐག་གཅོད་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་བདེན་པ་དག་སྐྱེལ་བྱེད་དགོས་པའི་གྲོས་ཆོད་ལ་འོས་བསྡུ་མེད་པའི་ཐོག་ནས་ཚོགས་མི་ཚོས་མོས་མཐུན་བྱས་ཏེ་གཏན་འབེབས་བྱས་ཡོད་འདུག གྲོས་ཆོད་དེ་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་དེར་བྱུང་ཡང་། ཨུ་རུ་སུར་དམིགས་པ་མིན་སྐོར་བརྗོད་བཞིན་འདུག 

ཟླ་༤ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་མང་རིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་གྲུབ་ཆ་དང་། དགག་བྱའི་དབང་ཚད་ཐོག་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་འགྱུར་བ་གང་ཡང་གཏོང་ཐུབ་མེད་པ་དང་། ཐེངས་འདིར་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱེད་བཞིན་པའི་སྐབས་དེར་རྒྱལ་ཚོགས་ཀྱི་གྲོས་ཚོགས་ནང་དུ། ལཱི་ཁན་སེ་ཀྲན་གྱིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔ་སྟེ་ཨ་རི་དང་རྒྱ་ནག ཨུ་རུ་སུ། ཧྥ་རན་སི། དབྱིན་ཡུལ་བཅས་ནས་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་གང་ཞིག་ལ་དགག་བྱའི་དབང་ཚད་བེད་སྤྱོད་བྱས་ཚེ། ཉིན་གྲངས་༡༠ ཡི་ནང་ཚུད་དུ་རྒྱལ་ཚོགས་ཀྱི་གྲོས་ཚོགས་འཚོགས་ནས་དགག་བྱའི་དབང་ཚད་བེད་སྤྱོད་བྱེད་མཁན་རྒྱལ་ཁབ་དེས་རྒྱུ་མཚན་གང་ཡིན་བདེན་པ་དག་སྐྱེལ་བྱེད་དགོས་པའི་གྲོས་ཆོད་བཏོན་འདུག་པ་དང་། གྲོས་ཆོད་དེ་བཏོན་པར་རྒྱབ་སྐྱོར་བྱེད་མཁན་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི་ཚུད་པའི་རྒྱལ་ཁབ་༡༠༠ མ་ཟིན་ཙམ་བྱུང་འདུག འོན་ཀྱང་ཨུ་རུ་སུ་དང་རྒྱ་ནག དེ་བཞིན་རྒྱ་གར་དང་བྷེ་ར་ཛེལ་སོགས་ནས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཁོངས་སུ་མེད་པ་རེད།

ཐེངས་འདིའི་གྲོས་ཆོད་དེ་བདེ་འཇགས་ལྷན་ཚོགས་ནང་དུ། ཨུ་རུ་སུའི་ཡུག་ཀེ་རན་གྱི་བཙན་འཛུལ་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་འཇོག་པར་ཨུ་རུ་སུས་དགག་བྱ་བྱས་རྐྱེན། གྲོས་ཆོད་འཇོག་ཐུབ་མེད་པའི་སྐབས་སུ་བཏོན་ཡོད་ཀྱང་། གྲོས་ཆོད་དེ་འདོན་མཁན་ལཱི་ཁན་སེ་ཀྲན་གྱི་སྐུ་ཚབ་ཀྱིས་གྲོས་ཆོད་དེ་ཨུ་རུ་སུར་དམིགས་པ་མིན་པ་དང་། གྲོས་ཆོད་དེས་ལས་དོན་བྱེད་ཕྱོགས་གསར་པ་ཞིག་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཁྲིམས་ཀྱི་ཐོག་ནས་གྲོས་ཆོད་དེ་ལ་བརྟེན་ནས་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཚོས་དགག་བྱའི་དབང་ཚད་བེད་སྤྱོད་བྱས་པའི་རྒྱུ་མཚན་འགྲེལ་བརྗོད་བྱེད་དགོས་པའི་ཆ་རྐྱེན་གང་ཡང་མེད་འདུག 

ད་ལྟའི་ཆར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་གཏན་འཇགས་ཚོགས་མི་ལྔ་ལས་མེད་པས། ཚོགས་མི་མང་དུ་གཏོང་དགོས་པའི་བསམ་ཚུལ་བརྗོད་མཁན་མང་པོ་ཡོད་ཁར། ཚོགས་མི་གསར་པའི་ནང་དུ་ཚུད་ཐབས་བྱེད་མཁན་འཇར་མན་དང་ཉི་ཧོང་གཉིས་ནས་གྲོས་ཆོད་དེ་བཏོན་པར་རྒྱབ་སྐྱོར་བྱས་འདུག་ཀྱང་། ཚོགས་མིའི་ནང་ཚུད་ཐབས་བྱེད་མཁན་རྒྱ་གར་དང་བྷེ་ར་ཛེལ་གཉིས་ཀྱས་དེ་ལྟར་བྱས་མེད་པ་རེད། གལ་ཏེ་གྲོས་ཆོད་དེར་གྲོས་ཚོགས་ནང་འོས་བསྡུའི་ལས་རིམ་བྱས་ཚེ། རྒྱ་གར་མཉམ་ཞུགས་བྱེད་འཆར་མེད་སྐོར་བརྗོད་འདུག 

རྒྱ་གར་གྱི་སྐུ་ཚབ་ཀྱིས་གྲོས་ཆོད་དེ་གྲོས་ཚོགས་ནང་ངོ་སྤྲོད་དང་གཏན་འབེབས་བྱེད་སྟངས་ཐད་བློ་འཕམ་ཡོད་སྐོར་བརྗོད་འདུག 

ཕྱི་ལོ་༡༩༤༦ ནས་ད་བར་ཨུ་རུ་སུས་དགག་བྱའི་དབང་ཚད་ཐེངས་༡༡༩ དང་། ཨ་རིས་ཐེངས་༨༢། དབྱིན་ཡུལ་གྱིས་ཐེངས་༢༩། རྒྱ་ནག་གིས་ཐེངས་༡༦། ཧྥ་རན་སིས་ཐེངས་༡༦ བེད་སྤྱོད་བཏང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།