རྒྱལ་ཚོགས་ནང་ཨུ་རུ་སུ་དང་རྒྱ་ནག་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པའི་ཡ་ལན། དཔལ་འབྱོར་ཉེས་ཆད་མང་དུ་གཏོང་རྒྱུའི་གྲོས་ཆོད་ལ། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་དགག་བྱ་བྱས་རྐྱེན་ལས་དོན་དེ་ལམ་ལྷོངས་བྱུང་མེད་པ་རེད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱས་པའི་ཡ་ལན། དཔལ་འབྱོར་ཉེས་ཆད་མང་དུ་གཏོང་རྒྱུའི་གྲོས་ཆོད་ལ། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་དགག་བྱ་བྱས་རྐྱེན་ལས་དོན་དེ་ལམ་ལྷོངས་བྱུང་མེད་པ་རེད་འདུག
ཟླ་༥ པའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་འདིའི་ནང་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ཐེངས་༢༣ བྱས་པ་དང་། ཉེ་ཆར་ཚེས་༢༥ ཉིན་ཆུ་ཚོད་གཅིག་ལས་ཉུང་བའི་ནང་ཚོད་ལྟ་ཐེངས་༣ བྱས་རྐྱེན། ཨ་རིས་འགོ་ཁྲིད་ནས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནང་དུ། བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་ད་དུང་ཡང་མང་དུ་གཏོང་རྒྱུའི་གྲོས་ཆོད་གཅིག་བཏོན་པར། གཏན་འཇགས་ཚོགས་མི་ལྔ་ནང་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ལས་དོན་དེས་གནས་སྟངས་སྡུག་ཏུ་གཏོང་རྒྱུ་ལས་ཕན་ཐོགས་ཡོང་རྒྱུ་མེད་སྐོར་བརྗོད་ནས། དགག་བྱ་བྱས་འདུག་པས། གཏན་འཇགས་ཚོགས་མི་གཞན་༣ དང་གཏན་འཇགས་མ་ཡིན་པའི་ཚོགས་མི་རྒྱལ་ཁབ་གཞན་༡༠ བཅས་བསྡོམས་༡༣ གྱིས་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་འདུག་ཀྱང་། གཏན་འཇགས་ཚོགས་མི་གཉིས་ཀྱིས་དགག་བྱ་བྱས་རྐྱེན་གྲོས་ཆོད་དེ་གཏན་འབེབས་བྱེད་ཐུབ་མི་འདུག
དེ་ཡང་ཐོག་མར་ཕྱི་ལོ་༢༠༠༦ ལོར་བྱང་ཀོ་རི་ཡས་ཐོག་མར་རྡུལ་མཚོན་ཚོད་ལྟ་བྱས་པའི་རྗེས་ནས། ད་བར་དཔལ་འབྱོར་ཉེས་ཆད་ཐེངས་ཁ་ཤས་བཏང་འདུག་ཀྱང་། ཐེངས་དང་པོར་རྒྱལ་ཚོགས་ཀྱི་གཏན་འཇགས་བདེ་འཇགས་ལྷན་ཚོགས་ནང་དུ་གྲོས་ཆོད་ལ་དགག་བྱ་བྱུང་བ་ཡིན་འདུག ཨ་རིའི་སྐུ་ཚབ་ཀྱིས་འོས་ཤོག་གི་གྲུབ་དོན་དེར་བློ་ཕམ་ཡོད་པ་དང་། འཛམ་གླིང་ལ་བྱང་ཀོ་རི་ཡ་ནས་ཉེན་ཁ་འཕྲད་བཞིན་ཡོད་པ་གསལ་པོ་ཡིན་པ་དང་། བདེ་འཇགས་ལྷན་ཚོགས་ནས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞིར་བཀག་འགོག་དང་སྣང་མེད་གང་བྱས་ཀྱང་ཉེན་ཁ་དེ་ཆུང་དུ་ཕྱིན་མེད་ཁར། བྱང་ཀོ་རི་ཡ་བློ་ཁོག་ཆེ་རུ་ཕྱིན་ཡོད་པ། འདི་ལོར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའི་ཚོད་ལྟ་ཁྲོད་དུ། གླིང་ཕྲན་གཞན་ལ་སྙོབ་པའི་མེ་ཤུགས་འཕུར་མདའ་༦ ཚོད་ལྟ་བྱས་ཡོད་པ་དང་། རྡུལ་མཚོན་ཚོད་ལྟ་བྱེད་འཆར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་འདུག དེ་དང་བསྟུན་ནས་ཧྥ་རན་སི་དང་དབྱིན་ཡུལ། ལྷོ་ཀོ་རི་ཡ་བཅས་ཀྱི་སྐུ་ཚབ་ཚོས་ཀྱང་བྱང་ཀོ་རི་ཡས་རྡུལ་མཚོན་ཚོད་ལྟ་བྱེད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག ཧྥ་རན་སིའི་སྐུ་ཚབ་ཀྱིས་གྲོས་ཆོད་དེར་དགག་བྱ་བྱས་པ་དེས་བྱང་ཀོ་རི་ཡའི་སྲིད་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཁར། ད་དུང་ཡང་མཚོན་ཆ་མང་པོ་ཚོད་ལྟ་བྱེད་པའི་རང་དབང་སྤྲོད་ཀྱི་ཡོད་སྐོར་བརྗོད་འདུག
ཨུ་རུ་སུ་དང་རྒྱ་ནག་གིས་ཨ་རིས་བྱང་ཀོ་རི་ཡ་དང་མཉམ་དུ་གྲོས་མོལ་ཚགས་ཚུད་དུ་གཏོང་དགོས་པ་ལས། དཔལ་འབྱོར་ཉེས་ཆད་མང་དུ་གཏོང་མི་ཉན་སྐོར་བརྗོད་འདུག རྒྱལ་ཁབ་དེ་གཉིས་ཀྱིས་རྒྱལ་ཚོགས་ནང་དུ་འགྲོ་བ་མིའི་བདེ་རྩ་ལ་གཞིགས་ནས་དེ་སྔོན་བཏང་ཟིན་པའི་དཔལ་འབྱོར་ཉེས་ཆད་རྣམས་ཡང་དུ་གཏོང་དགོས་པའི་ཤུགས་སྣོན་རྒྱག་བཞིན་ཡོད་འདུག ཨུ་རུ་སུའི་སྐུ་ཚབ་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་མང་དུ་གཏོང་རྒྱུ་དེ་ནི་གྲུབ་འབྲས་མེད་པའི་ལས་དོན་ཞིག་ཡིན་པ་དང་། དེ་ནི་ཤུགས་རྐྱེན་མེད་པའི་ཐོག་མི་སྤྱོད་ལས་འདས་པའི་ལས་དོན་ཞིག་ཡིན་སྐོར་བརྗོད་འདུག དེ་བཞིན་རྒྱ་ནག་གི་སྐུ་ཚབ་ཀྱིས་དཔལ་འབྱོར་ཉེས་ཆད་མང་དུ་བཏང་ཚེ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པ་དང་། གདོང་ཐུག་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པ། བྱང་ཀོ་རི་ཡའི་ད་ལྟའི་གནས་སྟངས་དེ་ཨ་རིའི་བརྟན་པོ་མེད་པའི་སྲིད་བྱུས་དང་སྐབས་སྔོན་མའི་གྲོས་མོལ་ཁག་གི་གྲུབ་འབྲས་མཇུག་སྐྱོང་བྱེད་མ་ཐུབ་པའི་མཇུག་འབྲས་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།