རྒྱལ་ཚོགས་ནས་རྒྱ་ནག་གིས་ཡུ་གུར་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པའི་སྙན་ཐོ་བཏོན་འདུག 

ཟླ་༩ པའི་ཚེས་༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ཀྱིས་ལས་ཡུན་གྱི་ཉིན་མཐའ་མ་དེར། རྒྱ་ནག་གིས་ཡུ་གུར་ཁུལ་དུ་ཡུ་གུར་མི་རིགས་དང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་མེད་ཀྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་འདུག 

དེ་ཡང་སྙན་ཐོ་དེ་ཡོངས་གྲགས་མ་བཟོས་པའི་སྔོན་དུ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ནས། ལན་འདེབས་དང་དགག་བྱ་སོགས་ཡོད་མེད་དྲིས་སྐབས། རྒྱ་ནག་གཞུང་གིས་སྙན་ཐོའི་ནང་གི་གནད་དོན་རྣམས་ནི་ཉེས་འཛུགས་རྐྱང་པ་ཡིན་པ་ལས་དྲང་བདེན་མིན་སྐོར་བརྗོད་ནས། སྙན་ཐོ་དེ་ཡོངས་གྲགས་མི་བཟོ་བའི་ཆེད་དུ་གནོན་ཤུགས་འདྲ་མིན་སྤྲད་ཡོད་འདུག་པ་དང་། སྙན་ཐོ་དེ་ཡོངས་གྲགས་མ་བཟོས་ནས་དུས་འགྱངས་ཀྱང་བྱེད་དགོས་བྱུང་འདུག འོན་ཀྱང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་སྐུ་ཚབ་ལྕམ་མཱི་ཆེལ་བྷ་ཆེ་ལཱེཌ་ཡི་ལས་ཁུར་གྱི་ཉིན་མཐའ་མ་དེར་སྙན་ཐོ་དེ་ཡོངས་གྲགས་བཟོས་འདུག་པ་དང་། སྐབས་དེར་ཁོང་གིས་ཀྱང་རང་ཉིད་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་ངོས་ལེན་བྱས་འདུག  

སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཁ་གསལ་མེད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བེད་སྤྱོད་བཏང་ནས། ཡུ་གུར་མི་རིགས་དང་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་ཡོད་པ་དང་། ཁོ་ཚོའི་ཐོག་ཏུ་གང་བྱུང་འཛིན་བཟུང་དང་བཀག་ཉར་གྱི་བྱ་སྤྱོད་ལག་བསྟར་བྱས་ཡོད་པ། བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་བཙན་གཡེམ། ཕོ་མོའི་དྲག་སྤྱོད་སྤེལ་ཡོད་པ། བཙན་དབང་ཐོག་ནས་སྨན་བཅོས་བྱས་སུ་བཅུག་པ་དང་དབྱེ་འབྱེད་ལྡན་པའི་སྐྱེ་འགོག་གི་སྲིད་བྱུས་ལག་བསྟར་སོགས་བྱས་ཡོད་པ། དེ་བཞིན་ཞིབ་འཇུག་པ་ཚོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་རྩིས་མེད་རྡོག་རོལ་བཏང་བའི་ནག་ཉེས་བསགས་ཡོད་སྲིད་པའི་དཔང་རྟགས་ཆ་འཇོག་འོས་པ་རྙེད་སོན་བྱུང་སྐོར་བརྗོད་འདུག 

རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར་ཞིབ་འཇུག་སྙན་ཐོ་དེ་ནི་ཆབ་སྲིད་ཀྱི་ཀུན་སློང་ལྡན་པའི་ཡིག་ཆ་ཞིག་ཡིན་ཁར། དེས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། རྒྱ་ནག་ལ་ཁ་གཏད་བྱེད་མཁན་ཚོས་འགྲོ་བ་མིའི་ཐོབ་ཐང་དེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པ་གསལ་པོ་བཟོས་ཡོད་སྐོར་བརྗོད་འདུག 

རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་དང་ཁ་ཆེ་མི་རིགས་ག་ཚོད་ལ་གང་བྱུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པའི་གྲངས་ཀ་གསལ་པོ་ཞིག་མེད་སྐོར་བརྗོད་འདུག་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་མི་མང་ས་ཡ་གཅིག་ལས་མང་བར་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་མྱངས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག ཡུ་གུར་ཁུལ་དུ་མི་མང་ས་ཡ་༡༢ ཙམ་ཡོད་འདུག་པ་དང་། མང་ཆེ་བ་ཁ་ཆེ་ཡིན་འདུག རྒྱལ་ཚོགས་ཀྱིས་ཁ་ཆེ་མིན་པའི་མི་མང་རྣམས་ལ་ཡང་རྒྱ་ནག་གཞུང་གི་འོག་ཏུ་སྡུག་སྦྱོང་མྱངས་ཡོད་སྲིད་སྐོར་བརྗོད་འདུག 

རྒྱལ་སྤྱིའི་ནང་ཡུ་གུར་གྱི་ཚོགས་པ་འདྲ་མིན་༦༠ ཚུད་ཀྱི་ཡོད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་སྙན་ཐོ་དེར་དགའ་བསུ་ཞུས་ནས། རྒྱ་ནག་གཞུང་གིས་ནག་ཉེས་རྣམས་ངོས་ལེན་བྱེད་ཀྱི་མེད་ཀྱང་། རྒྱལ་ཚོགས་ཀྱིས་གཞུང་འབྲེལ་ཐོག་ནས་ནག་ཉེས་དེ་དག་ངོས་འཛིན་བྱས་ཡོད་པས། རྒྱལ་སྤྱིའི་ཚོགས་སྡེ་ཚོས་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱས་འདུག 

རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ། ཆབ་སྲིད་བཅོས་སྒྱུར་གཞིས་སྒར་ཁག་ཏུ་བཙོན་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆེན་པོ་ཁྱབ་ཡོད་ཁར། འཛིན་བཟུང་འོག་ཡོད་པའི་ཕ་མ་རྣམས་ཀྱི་ཕྲུ་གུ་རྣམས་ཀྱང་ཆེད་དུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ནས། བསམ་བློ་བཅོས་སྒྱུར་གྱི་ལས་གཞི་སྤེལ་བཞིན་ཡོད་པའི་གནས་ཚུལ་ཡང་ཕྱིར་ཐོན་ཡོད་པ་རེད་དེ། ཐོག་མར་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་གཙོས་པའི་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་བཀག་ཉར་དོ་དམ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁས་ལེན་བྱས་མེད་ཀྱང་། རྗེས་སུ་བཀག་ཉར་ཁང་དེ་དག་ནི་ལག་ཤེས་སྦྱོང་བརྡར་ཁང་ཡིན་པ་དང་དེའི་དགོས་པ་ནི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།