རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་སྡུར་འགོ་བཙུགས་སོང་།

སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༧ པ་དེ་འགོ་བཙུགས་པ་དང་། ཐེངས་འདིར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁོངས་ནས་མཉམ་ཞུགས་གནང་མཁན་རུ་ཁག་གཅིག་ཀྱང་མི་འདུག 

སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༧ པ་དེ་འགོ་བཙུགས་པ་དང་། ཐེངས་འདིར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁོངས་ནས་མཉམ་ཞུགས་གནང་མཁན་རུ་ཁག་གཅིག་ཀྱང་མི་འདུག 

ཟླ་༦ པའི་ཚེས་༡༡ ནས་ཚེས་༢༤ བར་བཙན་བྱོལ་བོད་མིའི་རྐང་སྤོལ་རུ་ཁག་༡༦ བར། རྒྱལ་ཡུམ་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༧ པ་བྱེད་བཞིན་འདུག་པ་དང་། ཐེངས་འདིར་མཉམ་ཞུགས་བྱེད་མཁན་གྱི་རུ་ཁག་ཁོངས་སུ། སྤོན་ཊ། རྡ་ས། ལྡི་ལི་བསམ་ཡས་གླིང་། ས་སྐྱ། སྦིར་ཆིག་སྒྲིལ་རུ་ཁག སྒང་ཏོག གླིང་ཚང་། ལ་དྭགས་བསོད་ནམས་གླིང་། ལྡི་ལི་བོད་ཁྱིམ་སྡོད་ཁང་། བལ་ཡུལ། བདེ་སྐྱིད་གླིང་། ཨོ་རི་ས་ཕུན་ཚོགས་གླིང་། ལོ་སྔོན་མར་རྒྱལ་ཁ་ཐོབ་མཁན་སིམ་ལ་རུ་ཁག ཝར་ན་མཐོ་སློབ། མེའོ་ཆོས་འཕེལ་གླིང་། རྡེ་ར་རྡུན་དོན་གྲུབ་གླིང་བཅས་རེད་འདུག 

ཐེངས་འདིར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནས་མཉམ་ཞུགས་བྱེད་མཁན་རུ་ཁག་གཅིག་ཀྱང་མེད་པ་དང་། དབུ་འབྱེད་མཛད་སྒོར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རིན་ཆེནགྱིས་གནད་དོན་དེ་དང་འབྲེལ་ནས་གསུང་དོན་ལ། རྩེད་རིགས་ཚོགས་པ་ནས་ཚང་མ་ལ་གསལ་བསྒྲགས་དང་གོ་སྐབས་གཅིག་མཚུངས་གནང་ཡོད་པ་དང་། ཁོང་རྣམ་པ་ཕེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་རྩེད་རིགས་ཚོགས་པར་བརྡ་ལན་གང་ཡང་འབྱོར་མེད་སྐོར་གསུངས་སོང་། 

ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའ་ལོ་སྔོན་མ་དང་མི་འདྲ་བར། ཨང་དང་པོར་ཧིན་སྒོར་འབུམ་གཉིས་དང་ཨང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ་ཡོད་པ་རེད་འདུག 

ལོ་སྔོན་མའི་འགྲན་སྡུར་སྐབས་སུ་མཐའ་མའི་རྟིང་རྩོད་འགྲན་སྡུར་དེ་སིལ་མ་རུ་ཁག་དང་སྦིར་རུ་ཁག་གཉིས་བར་བྱས་ཏེ། མཐའ་མའི་གྲུབ་དོན་དུ་སིམ་ལ་རུ་ཁག་གིས་སྤོ་ལོ་གསུམ་དང་། སྦིར་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་མཐའ་མའི་རྒྱལ་ཁ་དེ་སིམ་ལ་རུ་ཁག་གིས་བླངས་ཡོད་པ་དང་།  སིམ་ལ་རུ་ཁག་གིས་ད་བར་རྒྱལ་ཁ་བླངས་པ་ཐེངས་དང་པོ་ཆགས་ཀྱི་འདུག སྐབས་དེར་ཨང་དང་པོར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ། གཉིས་པར་ཧིན་སྒོར་འབུམ་གཅིག་ཡོད་པས། ཐེངས་འདིའི་བྱ་དགར་ཨང་དང་པོ་དང་གཉིས་པ་གཉིས་ཀར་ཧིན་སྒོར་ཁྲི་ལྔ་རེ་སྤར་ཡོད་པ་རེད། 

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྐང་སྤོལ་རྩེད་འགྲན་དེ་ནི་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་གི་དྲན་རྟེན་ཆེད་དུ། ཕྱི་ལོ་༡༩༨༡ ལོ་ནས་འགོ་བཙུགས་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩེད་འགྲན་གྱི་ཚད་གཞི་མཐོ་ཤོས་དང་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་རེད། རྩེད་འགྲན་དེའི་སྐབས་སུ་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རྩེད་མོ་བ་ཡང་འདེམས་སྒྲུག་བྱེད་ཀྱི་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་རྒྱལ་སྤྱིའི་ནང་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ནང་ཚུད་ཀྱི་མེད་པ་དང་། རྒྱལ་སྤྱིའི་རང་བཞིན་པའི་ལྡན་པའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་ཀོ་ནི་ཧྥ་(CONIFA) འཛམ་གླིང་བུད་མེད་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པས། རྩེད་རིགས་ཚོགས་པས་རྩེད་འགྲན་པ་དང་ལྷན་༧གོང་ས་མཆོག་གི་འཁྲུངས་ལྷ་དབྱར་གསོལ་སྲུང་བརྩི་ཞུ་རྒྱུ་དང་།  གཞན་ཡང་ལས་འཆར་མང་པོ་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།