རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོ་རྩེད་འགྲན་གྱི་ལེགས་ཉེས་གླེང་བ།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོ་རྩེད་འགྲན་ཐེངས་ཉེར་དྲུག་པ་དང་བོད་ཡིག་གི་ལས་དབང་ལས་འཕྲོས་ཏེ་བཟང་པོ་ལ་བསྔགས་བརྗོད་དང་ངན་པ་ལ་སྐྱོན་བརྗོད་བདེན་པའི་རྔ་སྒྲ་ཞེས་བྱ་བ།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོ་རྩེད་འགྲན་ཐེངས་ཉེར་དྲུག་པ་དང་བོད་ཡིག་གི་ལས་དབང་ལས་འཕྲོས་ཏེ་བཟང་པོ་ལ་བསྔགས་བརྗོད་དང་ངན་པ་ལ་སྐྱོན་བརྗོད་བདེན་པའི་རྔ་སྒྲ་ཞེས་བྱ་བ།
——སྡེ་དགེ་སྐལ་བཟང་།
ཕྱི་ལོ། ༢༠༢༡ ལོའི་ཟླ་བ་༡༠ པའི་ཚེས་༠༡ ནས་བཟུང་། ཟླ་བ་༡༠ ཚེས་༡༢ བར་ཉིན་གྲངས་༡༢ རིང་། རྒྱལ་ཡུལ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་སྤོ་རྩེད་འགྲན་ཆེན་མོ་ཐེངས་ཉེར་དྲུག་པ་དེ་ཉིད་བོད་ཀྱི་གཞིས་ཆགས་དོན་གྲུབ་གླིང་དུ་རྩེད་འགྲན་གནང་ཁྲོད་ཁྱོན་བསྡོམས་པའི་རྩེད་འགྲན་ཐེངས་༢༧ བྱས་ཡོད། དེའི་ཁྲོད་དུ་རུ་ཁག་གྲངས་༡༠ མཉམ་ཞུགས་གནང་ཡོད་པ་དང་། མཉམ་ཞུགས་བྱེད་མཁན་གྱི་ཁྲོད་ནས་མཐའ་མཇུག་གི་རྩེད་འགྲན་དེ་སྦིར་ཅོན་ཏ་ར་རུ་ཁག་དང་སིམ་ལ་རུ་ཁག་གཉིས་རྩེད་འགྲན་བྱས་ཏེ། སྤོ་ལོ་ ༢ དང་༣ བྱས་ནས་སིམ་ལ་རུ་ཁག་གིས་མཐའ་མཇུག་རྩེད་འགྲན་གྱི་རྒྱལ་ཁ་ཨང་དང་པོ་བླངས་ཡོད་པ་དང་སྦིར་ཅོན་ཏ་ར་རུ་ཁག་གིས་རྩེད་འགྲན་གྱི་ཨང་གཉིས་པ་བླངས་ཡོད་པ་རེད། གོ་སྐབས་འདིའི་རྒྱུད་ནས་མཐའ་མཇུག་གི་རུ་ཁག་གཉིས་ཀ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
༡༽ རྩེད་ཐང་དང་བཟོ་བཀོད།
ཐེངས་འདིའི་རྩེད་འགྲན་འདིར་ད་བར་བྱུང་མ་མྱོང་བའི་རྒྱལ་ཁ་ཞིག་དང་གོ་སྒྲིག་ཅིག་བྱས་འདུག་བསམ་པའི་ཚོར་བ་ཟབ་མོ་ཞིག་བྱུང་། རྩེད་ཐང་ནི་རྩེད་མོ་བ་དང་འགྲན་སྡུར་དེར་མཚོན་ན་ཧ་ཅང་གི་གལ་ཆེན་ཡིན་པ་སྨྲོས་མེད་རེད། བྱས་ཙང་། ད་བར་བཙན་བྱོལ་སྤྱི་ཚོགས་སུ་བྱུང་མ་མྱོང་བའི་རྩྭ་ཡི་རྩེད་ཐང་ཞིག་བཟོ་སྐྲུན་བྱ་ཐུབ་པ་ལ་བསྔགས་བརྗོད་དང་དགའ་བསུ་ཞུ། རྩེད་ཐང་དེར་དངོས་གནས་རྐང་རྩེད་སྤོ་ལོའི་ཐང་ཞིག་གི་རྣམ་པ་ཡོངས་སུ་མངོན་འདུག ཐང་སྟེང་གི་དཀར་ཐིག་དང་ཟུར་བཞི་ཡི་དར་ཆ། སྤོ་སྒོའི་བཟོ་བཀོད། ཟུར་གྱི་རྩེད་མོ་བ་ཚོ་བཞུགས་ས། དམིགས་བསལ་སྐུ་མགྲོན་ཚོ་བཞུགས་ས། རྩེད་མོ་བ་རྩེད་ཐང་དུ་ཕེབས་སྒོ་བཅས་ཧ་ཅང་ལེགས་པར་བཟོས་གནང་འདུག
༢༽ འགན་འཛིན་དང་འཇོན་ཐང་།
རྒྱལ་ཡུམ་ཆེན་མོ་གསེར་གྱི་རྟགས་མ་གོ་སྒྲིག་བྱེད་མཁན་གཙོ་བོ་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཡིན་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་ནི་ལོ་ཆུང་ལ་གཞོན་སྐྱེས་འཇོན་ཐང་ཅན་ཞིག་ཡིན་པའི་སྤོབས་པ་ཞིག་སྩོལ་བྱུང་། ད་ལོར་ནམ་རྒྱུན་དང་མི་འདྲ་བའི་འགན་འཛིན་འཇོན་ཐང་ཅན་འདིས་རྒྱ་གར་གྱི་ཚོང་སྡེ་གྲགས་ཅན་(སེ་དགའ་ཚོང་ཚོགས།)ལ་འབྲེལ་བ་བྱས་ཏེ། རྩེད་འགྲན་ཐེངས་རེའི་ནང་གི་རྩེད་འགྲན་པ་ཡག་ཤོས་དེ་ལ་རྩེད་ལྷམ་རེ་བྱ་དགའ་རག་འདུག་པ་དང་གཅིག དེ་བཞིན་རྒྱ་གར་གྱི་ཚོང་སྡེ་གྲགས་ཅན་(ནེ་བཱ་ཚོང་ཚོགས།)ལ་འབྲེལ་བ་བྱས་ཏེ་རྩེད་འགྲན་འདིའི་རིང་སྤོ་ལོའི་སྦྱིན་བདག་རག་ཡོད་པ་དང་། ད་ལོ་ནམ་རྒྱུན་དང་མི་འདྲ་བའི་རྩེད་མོ་རུ་ཁག་ཨང་དང་པོ་ལ་བྱ་དགའ་སྒོར་འབུམ་གཅིག་དང་ཁྲི་ལྔ། ཨང་གཉིས་པ་ལ་བྱ་དགའ་སྒོར་འབུམ་གཅིག་བཅས་ནམ་རྒྱུན་ལས་སྤར་ཡོད་པ། དེ་བཞིན་རྒྱལ་ཡུམ་ཆེན་མོའི་རྩེད་མོ་བ་ཟུར་བ་ཚོ་ལ་འབྲེལ་བ་བྱས་ཏེ། རྩེད་འགྲན་རེ་རེའི་ནང་གི་རྩེད་འགྲན་པ་ཡག་ཤོས་ལ་བྱ་དགའ་དངུལ་སྒོར་གནང་རྒྱུ་ཡོད་པ་བཟོས་ཡོད་པ། དེ་བཞིན་ད་ལོའི་རྩེད་དཔོན་དེ་ཚོ་རྒྱ་གར་དབུས་རྩེད་མོ་ཚོགས་པར་འབྲེལ་བ་བྱས་ཏེ། རྩེད་དཔོན་བ་དེ་ཚོ་ཆེད་ལས་ཡོད་མཁན་རྐྱང་སྐད་གཏོང་ཡོད་པ་བཅས་སོགས་ཕྱག་ལས་བཟང་པོ་མང་པོ་འདུག
༣༽ རྩེད་མོ་བ་དང་མི་མང་།
ངས་ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་གཉིས་བལྟས་མྱོང་། ཡིན་ན་ཡང་། ད་རེས་ནང་བཞིན་གྱི་རྩེད་མོ་བ་དང་མི་མང་ཞིག་མཐོང་མ་སོང་། རྩེད་འགྲན་པ་ཚོ་སར་བརྡབས་དུས་རུ་ཁག་གཞན་པ་སླེབས་ནས་ཡར་སློང་རོགས་བྱེད་པ་དང་། ཁ་རྩོད་ཏོག་ཙམ་ཤོར་དུས་ཕན་ཚུན་ལ་བསམ་བཞིག་དང་མཐུན་སྒྲིལ་གཙུག་ཏུ་བཀུར་ཏེ། ཕན་ཚུན་འཐམ་འཁྱུད་དང་ལག་པ་གཏོང་བ། རྩེད་མོའི་སྐབས་སུ་རྩོད་སྔོན་མ་དང་སྡུར་ན་ཧ་ཅང་ཉུང་བ། དེ་བཞིན་རྩེད་དཔོན་ལ་ཡང་རྙོག་དྲ་མི་བཤད་པ་བཅས་ཧ་ཅང་གི་ཀུན་སྤྱོད་ཡག་པོ་གནང་སོང་། ནམ་རྒྱུན་ཡིན་ན་མི་མང་ཚོས་རྩེད་མོ་བའི་སྟེང་དུ་འགྱིག་དེམ་གཡུགས་པ་དང་ཚིག་ངན་སྨྲ་བ། རྡོ་གཞུས་པ་སོགས་གྲངས་ལས་འདས་པ་ཡོད་རེད་ཀྱང་ད་ལོ་དེ་ལྟ་བུའི་ཞིག་མིག་གིས་ཟུར་ཙམ་མཐོང་མ་བྱུང་།
༤༽ དམིགས་བསལ་གྱི་མཐོང་སྣང་།
ས་གནས་དེར་གནས་པའི་མི་མང་ཚོས་ཧ་ཅང་གི་རྒྱབ་སྐྱོར་ཡག་པོ་གནང་འདུག་པས་བཀའ་དྲིན་ཆེ་ཞུ་བཞིན་ཡོད། དམིགས་བསལ་རུ་ཁག་ཚོ་ལ་སྦྱོང་བརྡར་བྱེད་སའི་རྩེད་ཐང་གཡར་བ། ཆུ་སྦྱིན་བདག་གནང་བ། ཞལ་ལག་ལ་གདན་འདྲེན་ཞུས་པ་སོགས་མང་པོ་འདུག གཞན་ཡང་རྩེད་མོ་བ་ཚོས་འགན་འཛིན་ལ་ཧ་ཅང་དགའ་བའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག་པས། དེས་ག་རེ་མཚོན་ཅེ་ན། འདི་ལྟ་བུའི་གོ་སྒྲིག་གྲ་འགྲིག་པོ་དང་ཚགས་ཚུད་པོ། གྲ་རྒྱས་པོ་བྱས་ཡོད་པ་སོགས་ལ་བརྟེན་ནས་ཡིན་རྒྱུ་རེད་བསམ་བྱུང་། མ་ཟད། མ་འོངས་པར་གཞོན་སྐྱེས་ཚོ་རྩེད་མོའི་རིགས་ལ་ཡར་རྒྱས་དགོས་ཚེ་སློབ་གྲྭ་ཁག་གི་རྩེད་མོ་རྒན་ལགས་རྣམ་པ་ཧ་ཅང་གལ་ཆེན་ཆགས་ཀྱི་ཡོད་སྟབས་རྩེད་མོ་རྒན་ལགས་རྣམས་པ་ཆ་ཚང་ས་གནས་དེར་སྐད་བཏང་གནང་ཡོད།
༥༽ ཁྱབ་བསྒྲགས།
རྩེད་ཐང་གི་ཟུར་གཞན་གཅིག་ཏུ་སྦྱིན་བདག་རྣམས་ཀྱི་ཁྱབ་བསྒྲགས་ཧ་ཅང་རྒྱས་པོ་དང་གྲ་འགྲིག་པོ་སྦྱར་གནང་འདུག་ལ། འདིའི་བརྒྱུད་ནས་ཚོང་པ་ཚོས་ཀྱང་གོ་སྐབས་ལེན་བཞིན་རང་ཉིད་ཀྱི་ཁྱབ་བསྒྲགས་སྦྱར་ཆེད་རྩེད་མོ་ཚོགས་པ་འདིར་སྒོར་མོ་ཡོང་གི་ཡོད་པ་ནི་སྨྲོས་མེད་རེད། དེས་ན་འགན་འཛིན་འདི་ལ་བལྟས་ན་ཚོང་འབྲེལ་གྱི་ཀླད་པ་ཡང་དཔེ་མེད་ཅིག་ཡོད་པ་འདི་ནས་རྟོགས་ཡོང་། དེ་བཞིན་དམིགས་བསལ་དགའ་འོས་པ་ཞིག་ལ་གྱང་སྦྱར་གྱི་སྟེང་རྒྱ་ནག་ཏུ་འཚོག་ལ་ཉེ་བའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་གྱི་ཁྱབ་བསྒྲགས་མང་པོ་སྦྱར་འདུག་པས་བསྔགས་བརྗོད་གྲངས་མེད་ཞུ། དེ་བཞིན་ད་རེས་ཀྱི་རྩེད་འགྲན་འདིའི་ཐད་གཏོང་བརྒྱུད་ནས་བོད་རྒྱལ་ཡོངས་རྩེད་རིགས་པ་ཟེར་བ་ཞིག་དང་། བོད་པ་ལ་རྩེད་མོ་བ་གཞོན་སྐྱེས་འདི་འདྲ་ཡག་པོ་ཡོད་པ་ཡང་མི་མང་པོས་ཧ་གོ་བར་བྱུང་ཡོད་ཤག་རེད། ཐད་གཏོང་བལྟ་མཁན་ཡང་ཉུང་མཐར་གཅིག་སྟོང་དང་མང་ན་སུམ་སྟོང་བརྒལ་བ་ཡོང་བཞིན་འདུག
༦༽ བོད་ཡིག་གི་ལས་དབང་།
མི་རིགས་ཤིག་ལ་མཚོན་ན་སྐད་དང་ཡི་གེ་ནི་མི་རིགས་དེའི་སྲོག་རྩ་ལྟ་བུ་ཡིན། དེས་ན་སྐད་དང་ཡི་གེ་བདག་པོ་རྒྱག་རྒྱུ་ནི་མི་རིགས་རང་ཉིད་ཀྱི་འགན་ཡིན་པ་ལས་མི་རིགས་གཞན་པའི་འགན་ཞིག་ག་ལ་ཡིན། མི་རིགས་དེའི་སྐད་དང་ཡི་གེ་བདག་པོ་རྒྱག་རྒྱུ་ནི་མི་རེ་ངོས་རེ་བྱས་ཏེ་བདག་པོ་རྒྱག་དགོས་ལ་ཚོགས་པ་དང་ཚོགས་པ་བྱས་ཏེ་བདག་པོ་རྒྱག་དགོས་པ་ཡང་སྨྲོས་མེད་རེད། དེ་བཞིན་གོ་སྐབས་འདི་ལྟ་བུ་ཞིག་གི་འོག་ནས་བོད་ཡིག་གི་ཚེ་སྲོག་ཆད་པ་དེ་ཚོགས་པ་འདིའི་འགན་འཛིན་གཅིག་པུ་མིན་པར་འདིར་ཕྱག་ལས་གནང་མཁན་ཀུན་ལ་འགན་ཡོད་པ་ནི་ཅི་ནས་ཀྱང་ཤེས་དགོས། དང་པོ། རུ་ཁག་བཅུའི་ནང་ནས་རུ་ཁག་གཉིས་མ་གཏོགས་རུ་ཁག་གི་དར་ཆའི་སྟེང་བོད་ཡིག་འབྲི་མཁན་མེད་པ་ཧ་ཅང་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད། རུ་ཁག་གཉིས་དེ་ནི་མོན་གྷོ་འདོད་དགུ་གླིང་རུ་ཁག་དང་བརྡ་ལན་ཌྷར་ས་གནས་གཞོན་ནུ་ལྷན་ཚོགས་རེད། དེ་ལ་བསྔགས་བརྗོད་ཞུ། ད་རེས་ཀྱི་རྩེད་འགྲན་ཁྲོད་ནས་སྐད་ཡིག་གི་རྒྱལ་ཁ་ཁྱེད་ཚང་ལ་ཐོབ་ཡོད། གཉིས་པ། གོ་སྒྲིག་པ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་གྱི་རྩེད་འགྲན་དང་འབྲེལ་བའི་གསལ་བསྒྲགས་ག་ཚོད་བྲིས་ཡོད་པ་དེ་དག་ཆ་ཚང་གི་ཁྲོད་དུ་ཚོགས་པའི་མིང་ལས་བོད་ཡིག་རྐང་གཅིག་མེད། ཡི་གེ་ཆ་ཚང་དབྱིན་ཡིག་གི་སྟེང་དུ་བྲིས་ཡོད། འདིར་རྩེད་མཁན་ནི་བོད་པ་རེད། བལྟ་མཁན་ནི་བོད་པ་རེད། དེ་དག་ལ་གསལ་བསྒྲགས་གཏོང་དུས་བོད་ཡིག་མ་བཏང་ནས་དབྱིན་ཡིག་དག་དག་གཏོང་དགོས་པ་དེ་ཡང་བོད་པ་ཚང་ལ་བརྙེས་བཅོས་རེད་དང་། སྐད་ཡིག་ལ་མཐོང་ཆུང་རེད། མི་རབས་གཞོན་པ་ཚོར་མཐོང་ཆུང་རེད། གསུམ་པ། དེར་ལས་ཀ་བྱེད་བཞིན་པའི་དྭངས་བླངས་པ་ཚོའི་དངུལ་ལེན་གྱི་སྟེང་དུ་ཡང་དབྱིན་ཡིག་མ་གཏོགས་བོད་ཡིག་རྐང་གཅིག་མི་འདུག བཞི་པ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་ཁྱབ་བསྒྲགས་འཕྲེད་དར་གྱི་སྟེང་དུ་ཚོགས་པའི་མིང་ལ་བོད་ཡིག་རྐང་གཅིག་མེད་པ། ལྔ་པ། མཐའ་མཇུག་གི་རྩེད་འགྲན་གྱི་རྒྱལ་ཁའི་འཕྲེད་དར་སྟེང་བོད་ཡིག་རྐང་གཅིག་མེད་པ། མདོར་ན་བོད་རྒྱལ་ཡུམ་རྩེད་རིགས་ཚོགས་པས་བོད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ནི་ནམ་ཡང་ང་ཚོས་བརྗེད་མི་ཉན།།