རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཤིག་སྟེ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་(Amnesty International) ཧོང་ཀོང་གི་རྒྱལ་སྲུང་བདེ་འཇགས་བཅའ་ཁྲིམས་(the security law) ཀྱི་གནོན་ཤུགས་འོག“མཇུག་འབྲས་ཚབས་ཆེན་ཡོང་བའི་འཇིགས་སྐྲག་མེད་པར་རང་དབང་ངང་ལས་དོན་སྒྲུབ་ཐབས་བྲལ་བར་”བརྟེན། ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་ཚོགས་པ་དེས་ཧོང་ཀོང་གི་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུ་ཡིན་པ་དང་། “སེམས་སྐྱོ་བའི་ཐག་གཅོད་དེ། མཇུག་འབྲས་ཚབས་ཆེན་ཡོང་བའི་འཇིགས་སྐྲག་མེད་པར་རང་དབང་ངང་ལས་དོན་སྒྲུབ་ཐབས་བྲལ་བ་བཟོ་བྱེད་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་བརྟེན་ནས་མི་བྱེད་རང་བྱེད་དུ་འཁེལ་”བ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་འདུག
གསལ་འགོད་གསལ་བསྒྲགས་དེའི་ནང་། “འདས་པའི་དུས་ཡུན་རིང་པོ་ཞིག་ལ། ཧོང་ཀོང་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཁག་གི་རྟེན་གནས་བླ་ན་མེད་པ་ཞིག་ཡིན་ན་ཡང་། ཉེ་བའི་ཆར་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཚོང་འབྲེལ་ཚོགས་པ་ཁག་ལ་རྒོལ་རྡུང་གཏོང་བཞིན་པ་དེས། སྲིད་གཞུང་གིས་ཧོང་ཀོང་གྲོང་ཁྱེར་གྱི་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་འབོད་སྒྲ་མེད་པ་བཟོ་ཤུགས་ཆེ་རུ་གཏོང་བཞིན་པ་མཚོན་གྱི་ཡོད། འདི་ལྟ་བུའི་གཏན་འཇགས་བྲལ་བའི་ཁོར་ཡུག་ཅིག་གི་ནང་དུ་ང་ཚོས་ལས་དོན་སྒྲུབ་རྒྱུ་དེ་ཁག་ནས་ཁག་ཏུ་འགྱུར་བཞིན་ཡོད་”ཅེས་འཁོད་ཡོད་འདུག
སྔོན་ཆད་ཡིན་ན། ཧོང་ཀོང་དུ་ལྟོས་བཅས་ཀྱི་རང་དབང་ཆེ་བ་ཡོད་ན་ཡང་། ན་ནིང་ཕྱི་ཟླ་༦ པའི་ནང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་གྲོང་ཁྱེར་དུ་“རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་”ཞེས་པ་ཞིག་གཏན་ལ་ཕབ་པ་ནས་བཟུང་། ཁྲིམས་དེར་ཁ་གཡར་ནས་མང་གཙོའི་ལས་འགུལ་བ་དང་། ཕྱོགས་འགལ་ཆབ་སྲིད་པ། རང་དབང་འཐབ་རྩོད་པ། རང་དབང་ཅན་གྱི་གསར་ཁང་། འགྲོ་བ་མིའི་ཐོབ་ཐང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་ཉེས་མིང་སྣ་ཚོགས་གཡོགས་ནས་དྲག་གནོན་བྱེད་ཀྱི་ཡོད་པས། ཧོང་ཀོང་ནི་བོད་དང་ཤར་ཏུར་ཀི་སི་ཐན་ལྟར་རྒྱ་ནག་གི་དྲག་གནོན་དང་བཙན་དབང་འོག་ཏུ་གནས་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཟིན་ཡོད་པ་རེད།།
གསར་འགོད་པ་དཀོན་མཆོག་རབ་བརྟན།