རྒྱལ་སྤྱིའི་ནང་སྲོག་ཐོག་བཏང་བའི་གནས་ཚུལ་མང་དུ་འགྲོ་བཞིན་པ།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཕྱི་ལོ་༢༠༡༥ ལོར་རྒྱ་ནག་ཕུད་པས་རྒྱལ་སྤྱིའི་ནང་སྲོག་ཐོག་བཏང་བ་ཤེས་རྟོགས་བྱུང་བའི་ཁ་གྲངས་༡༦༣༤ བྱུང་ཡོད་པ་དང། དེ་ནི་ཕྱི་ལོ་༡༩༨༩ ལོ་ནས་ད་བར་ལོ་གཅིག་ནང་སྲོག་ཐོག་ཁྲིམས་ཆད་ཀྱི་ཁ་གྲངས་མང་ཤོས་ཡིན་པས། བློ་འཚབ་སྐྱེས་དགོས་པ་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག

ཚོགས་པ་དེའི་སྙན་ཐོའི་ནང་རྒྱ་ནག་ཚུད་མེད་པ་དང། ཁོང་ཚོས་རྒྱ་ནག་ནི་འཛམ་གླིང་ནང་སྲོག་ཐོག་ཁྲིམས་བཅད་བྱེད་མཁན་མང་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དེ། ལོ་སྔོན་མར་རྒྱ་ནག་ནང་མི་སྟོང་ཕྲག་མང་པོ་སྲོག་ཐོག་བཏང་ཡོད་ཁར། མི་སྟོང་ཕྲག་མང་པོར་སྲོག་ཁྲིམས་བཅད་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག ཚོགས་པ་དེས་རྒྱ་ནག་ནང་སྤྱི་ཡོངས་ནས་སྲོག་ཐོག་བཏང་བའི་གནས་ཚུལ་ཉུང་དུ་འགྲོ་ཡི་ཡོད་པ་འདྲ་བོ་ཡོད་ཀྱང། སྲོག་ཐོག་གི་ཁྲིམས་ཆད་ལ་གསང་བ་ཆེན་པོ་བྱེད་ཀྱི་ཡོད་པས། ཞིབ་འཇུག་གིས་ར་སྤྲོད་བྱེད་ཐབས་བྲལ་སྐོར་འགྲེལ་བརྗོད་བྱས་འདུག
དེ་བཞིན་ཕྱི་ལོ་༢༠༡༥ ཡི་ནང་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་སྲོག་ཐོག་གི་ཁྲིམས་ཆད་དེ་མེད་པ་བཟོས་ཡོད་འདུག
ཨི་རན་དང་པ་ཀི་སི་ཐན། སོ་ཌི་ཨ་རབ་བཅས་ཀྱིས་སྲོག་ཐོག་མང་ཤོས་བཏང་ཡོད་འདུག ཨི་རན་གྱིས་ཕྱི་ལོ་༢༠༡༥ ལོར་མི་༩༧༧ སྲོག་ཏོག་བཏང་ཡོད་པ་དང། མི་མང་ཆེ་བ་བཟི་སྨན་ནག་ཚོང་བརྒྱབ་པ་དང་འབྲེལ་བ་ཡོད་པ་ཡིན་འདུག དེ་བཞིན་ལོ་སྔོན་མར་ལོ་༡༨ མ་ཟིན་སྔོན་ནས་ནག་ཉེས་གསོག་མཁན་མི་བཞི་འཇུ་བཟུང་བྱས་ཡོད་ཀྱང། རྗེས་སུ་སྲོག་ཐོག་ཁྲིམས་ཐག་བཅད་ཡོད་པས། དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་སྐོར་ཚོགས་པ་དེས་འགྲེལ་བརྗོད་བྱས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།