རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

ཟླ་འདིའི་ཚེས་༣ ་ཉིན་གྱི་ཞོགས་པ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་སའི་ཉེ་འདབས་སུ་ཡོད་པའི་ཌི་པོ་ལོ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་གཙོས་པའི་གཏམ་བཤད་གནང་མཁན་དང་། དེ་བཞིན་རྒྱལ་ཁབ་ཁག་༡༣ ནས་གཞོན་སྐྱེས་༩༣ ཙམ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ནས་ལས་བྱེད་གཞོན་སྐྱེས་༡༢ ཙམ་བཅས་ཁྱོན་བསྡོམས་གཞོན་སྐྱེས་༡༠༥ ཙམ་ཕེབས་འདུག

སྐབས་དེར་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ཀྱིས་མཛད་སྒོའི་ཐོག་ཕེབས་བསུའི་གསུང་བཤད་གནང་སྐབས། མི་རབས་བརྗེ་འགྲོ་བ་དང་བསྟུན་ནས་བོད་ཀྱི་རང་དབང་འཐབ་རྩོད་དང་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་གཅིག་གིས་གཅིག་ལ་རྩིས་སྤྲོད་དགོས་ཀྱི་ཡོད་པ་དང་། གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་དང་འཐབ་རྩོད་གང་ཡིན་པ་དང་། བོད་ཀྱི་རིག་གཞུང་དང་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་མ་ཤེས་ན། ང་ཚོའི་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཆད་འགྲོ་བ་སོགས་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་པར་བརྟེན། གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་དང་བོད་ཀྱི་ངོ་བོ་སོགས་ཤེས་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་དང་། གཞོན་སྐྱེས་ཚོ་ལ་མ་འོངས་པར་བོད་ཀྱི་འཐབ་རྩོད་ཆེད་དུ་ཕྱག་ལས་མུ་མཐུད་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། བོད་དོན་ཞུ་གཏུག་ལས་འགུལ་དེ་ཕྱི་ལོ་༢༠༢༡ ལོ་ཛུ་རིག་ཏུ་འགོ་བཙུགས་ཡོད་པ་དང་བོད་དོན་ཞུ་གཏུག་ལས་འགུལ་དེ་ནི་བོད་མི་མང་གི་ལས་འགུལ་ཞིག་ཡིན་པའི་སྐོར་དང་། དེ་བཞིན་ང་ཚོས་མཚམས་རེ་འཛམ་བུ་གླིང་གང་ཚང་གིས་བོད་ཀྱི་སྐོར་ལ་ཤེས་ཀྱི་ཡོད་རེད་བསམ་པ་དེ་ཏག་ཏག་སྡོད་ཀྱི་མེད་པ་དང་། ང་ཚོ་རྒྱ་གར་ནང་དུ་སྐྱེས་ཤིང་རྒྱ་གར་ནས་འཚར་ལོངས་བྱུང་བ་ཡིན་ཡང་། མཐོ་སློབ་ཁག་ཏུ་གཏམ་བཤད་གནང་བར་ཕེབས་སྐབས། བོད་ཀྱི་སྐོར་ཐོག་མ་གོ་བྱུང་ཟེར་མཁན་ཡང་བྱུང་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་ནག་གིས་མཐའ་སྐོར་བཞིན་པའི་དུས་དེར། ང་ཚོ་ལ་བཤད་རྒྱུའི་གོ་སྐབས་ཡོད་པ་དང་གོ་སྐབས་དེ་ལེན་ཐུབ་དགོས་ཞེས་དང་། ང་ཚོས་སྒྲིག་འཛུགས་དེ་སྔོན་དང་གང་ཟག་རྗེས་ལ་བཞག་ནས་ལས་ཀ་བྱེད་དགོས་པ། འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་དངོས་ཡོད་གནས་ཚུལ་ཤེས་དགོས་པ། ལོ་རྗེས་མ་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་ཀྱི་ཡོད་པར་བརྟེན། ལོ་ཧྲིལ་པོར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་འཆར་ཡོད་པ་སོགས་ཀྱི་ཐོག་ལ་གསུང་བཤད་གནང་སོང་།

དེ་རིང་ནས་ཉིན་གྲངས་གསུམ་གྱི་རིང་གདན་འདྲེན་ཞུས་པའི་གཏམ་བཤད་པ་བཅུ་ཙམ་གྱིས་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་། འགོ་ཁྲིད་ཀྱི་ནུས་པ་ཡར་རྒྱས་གཏོང་ཕྱོགས། འཁྲུག་ཆ་དོད་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁྲོད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ། ཆབ་སྲིད་མི་སྣ་ཁག་དང་འབྲེལ་ལམ་བསྐྱང་ཕྱོགས། ཆབ་སྲིད་ཞུ་གཏུག་གནང་ཕྱོགས། སྤྱི་ཚོགས་དྲྭ་ལམ་བརྒྱུད་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་ཟབ་སྦྱོང་དང་གཏམ་བཤད་སོགས་གནང་རྒྱུ་རེད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།