རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་དང་པོའི་སྐོར་ལ་བཅར་འདྲི།

བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༠ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དེ་༢༠༡༩ ཕྱི་ཟླ་༡༠ ཚེས་༢༨ ནས་ཉིན་གསུམ་རིང་དྷ་སར་འཚོགས་ཡོད་པ་དང་། སྒྱུ་རྩལ་མཁན་ལ་ཆེ་མཐོང་མཚན་གསོལ་གཟེངས་རྟགས་ཕུལ་ཡོད་པ་རེད། བགྲོ་གླེང་དེའི་གཙོ་སྐྱོང་བ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་ཡིན།

དྲི་བ། རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་ཚོགས་སྟངས་ཀྱི་སྐོར་དང་། ཁྱེད་རང་གཙོ་སྐྱོང་བ་ཡོང་སྟངས་བཅས་ལ་ངོ་སྤྲོད་གནང་རོགས།

ལན། ཟླ་བ་བརྒྱད་ཀྱི་སྔོན་༸མི་རྗེ་སྲིད་སྐྱོང་མཁས་དབང་འབུམ་རམས་པ་མཆོག་གིས་ལམ་སྟོན་བཞིན་བོད་ཀྱི་ཟློས་གར་ཚོགས་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་ནས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་ཞུ་དགོས་བཀའ་སློབ་མཛུབ་སྟོན་ཕེབས་པ་དང་།  གུས་པར་ཚོགས་ཆེན་འདིའི་གཙོ་སྐྱོང་ཞུ་དགོས་འབོད་བསྐུལ་བཞིན་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་པ་བོད་མི་དང་ཕྱི་རྒྱལ་མི་སྣ་ལྔ་བཅུར་ཉེ་བར་མགྲོན་འབོད་ཞུས་ཀྱང་མཐར་ཚོགས་ཕེབས་བོད་མི་༦ དང་། ཕྱི་རྒྱལ་རྒྱལ་ཁབ་༩ ནས་མཁས་དབང་མི་སྣ་ཕོ་མོ་༡༧ ཁྱོན་བསྡོམས་ཞིབ་འཇུག་པ་བགྲེས་གཞོན་༢༣ ཕེབས་ཐུབ་པ་བྱུང་ཡོད། ཚོགས་ཆེན་ཐེངས་དང་པོ་དེ་བཞིན་༢༠༡༩ ཕྱི་ཟླ་༡༠ ཚེས་༢༨ ནས་༣༠ བར་ཉིན་གསུམ་གྱི་རིང་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོམས་ཆེན་གསར་པ་དང་། ཕྱི་དྲིལ་ཀམ་པུའུ་ཊར་སྡེ་ཚན་གྱི་ཚོགས་ཁང་གཉིས་ནང་ཚུགས་པ་རེད།

དྲི་བ། སྤྱིར་བཏང་ཟློས་གར་གྱི་དབྱེ་བ་ངོ་སྤྲོད་མདོར་ཙམ་ཞིག་དང་། བགྲོ་གླེང་དེའི་ཐོག་གཙོ་བོ་གླེང་གཞི་འམ་སྡེ་ཚན་ག་རེ་ལ་བགྲོ་གླེང་དཔྱད་གཏམ་སྤེལ་ཡོད་དམ།

ལན། སྤྱི་ཡོངས་ཀྱི་ཆ་ནས་བོད་ (ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་རིགས་ཚུད་) ཀྱི་ཟློས་གར་སྒྱུ་རྩལ་ཞེས་པའི་ཁྱབ་ཁོངས་ནང་དགོན་སྡེའི་གར་འཆམ་དང་། འདོན། རྟ། དབྱངས་གསུམ། དབྱངས་ཡིག དུང་ཚིག རོལ་ཚིག རྔ་ཚིག རྒྱ་རྔ་རྒྱ་རོལ། མདོ་དར། མགུར། ཨ་ལྕེ་ལྷ་མོ། བཀྲ་ཤིས་ཞོལ་པ། མཆོད་སྤྲིན་གར་པ། འབྲས་བུ་གླིང་པ། ནང་མ། སྟོད་གཞས། གླུ། ལ་ཡི། མགུར་མོ། གཞས། བྲོ། གར། འབྲོང་། ཤོན། བླ་མ་མ་ཎི། ཕོ་བ་རྡོ་གཤགས། ཇོ་དབྱངས། གཟིམ་པས་གོ་རྩེད། གནམ་བྲོ་ཐག་རྩེད། ཀོ་རྩེད། འབྲོང་རྩེད། སེང་རྩེད། གོ་རྩེད། རྨ་བྱའི་ཞབས་བྲོ། མོན་པའི་འབག་འཆམ། ཨར་གཞས། རལ་པ། འབྲས་དཀར། གླིང་རྗེ་གེ་སར་གྱི་སྒྲུང་ངག་དང་། གླིང་བྲོ། མོལ་ལ། ཚོགས་གཏམ། ཁ་ཤགས། དར་བཤད། རྦད། ལྗགས་རྐྱང་། སྐད་ར། འབྲས་དཀར། ཁྲོམ་སྐྱུར་གཞས་ཚིག བྱིས་པའི་རྩེད་གཞས། གཏམ་བརྗོད་ཟློས་གར། བླ་མ་རྒྱུད་པས་གསང་ཐག་གི་གཟིགས་མོ། བརྡུང་ལེན་ནམ་དཀྲོལ་ལེན། རོགས་འཐེན་སོགས་མདོར་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཁྱོན་སྤྱི་དང་། ཧི་མ་ལ་ཡའི་རི་བརྒྱུད་བོད་རིགས་ཡོངས་ནས་གནའ་ནས་ད་བར་ལག་ལེན་བྱེད་པའི་འབུད་བརྡུང་དཀྲོལ་གསུམ་གྱི་འབའ་ཆའམ། རོལ་ཆའི་རྣམ་གྲངས་ཚང་མ་དང་། འཁྲབ་འཁྱེར་དང་སྟངས་སྟབས་ཡོད་རིགས་ཚུད་ཀྱི་ཡོད་ལགས།
ད་ཐེངས་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་འདིའི་ནང་། དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ (TIPA) བྱས་རྗེས་དང་བཞག་པ་དང་། ཆོས་ཕྱོགས་ཀྱི་རོལ་མོ། གླིང་རྗེ་གེ་སར་སྒྲུང་གླུ་དང་གླིང་བྲོ། འཆམ་དང་བླ་མ་མ་ཎི། ཨ་ལྕེ་ལྷ་མོ། སྲོལ་རྒྱུན་དང་དེང་རབས། པོབ་ (POP) དང་ (Rock) རོག་རོལ་མོ། རྒྱང་རིང་ནས་བལྟས་པའི་བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་སྐོར་བཅས་ས་བཅད་དམ་འགོ་བརྗོད་བརྒྱད་ནང་གླེང་སློང་བྱུང་སོང་། ཚོགས་ཆེན་འདིའི་ཐོག་དམིགས་བསལ་འབུར་ཐོན་གྱི་ལས་འཆར་གཅིག་ནི་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོའི་ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྗེན་ཕྱག་ནས་དགོང་ལོ་ ༩༣ ལ་ཕེབས་པའི་སྐུ་ངོ་བསམ་ཕོ་འཇིགས་མེད་དབང་ཆེན་ལགས་བོད་གཞིས་བྱེས་གཉིས་ནང་བོད་ཀྱི་རོལ་ཆ་མཁན་སྐུ་ན་བགྲེས་ཤོས་ཀྱི་མི་གཡང་དང་། རྒྱལ་ཁབ་ཀྱི་གཅེས་ནོར་དཔེ་བཟང་ཕུལ་བྱུང་མི་སྣའི་མཚན་གསོལ་གཟེངས་རྟགས་འབུལ་བཞེས་བསྐྱངས་པ་དེ་རེད་བསམ་གྱི་ཡོད། ཁྱེད་ཀྱིས་ཚགས་པར་ནང་སྐུ་ངོ་བསམ་ཕོ་འཇིགས་མེད་དབང་ཆེན་ལགས་སུ་ཕུལ་བའི་གཟེངས་བསྟོད་ཆེ་མཐོང་མཚན་གསོལ་དེ་བཞིན་ཆ་ཚང་བཀོད་རོགས་གནང་ཞུ་རྒྱུ་ཡིན།

དྲི་བ། སྒྱུ་རྩལ་མཁན་ལ་ཆེ་མཐོང་མཚན་གསོལ་གཟེངས་རྟགས་ཕུལ་བ་དེར་དགོས་པ་དགེ་མཚན་དམིགས་བསལ་ག་རེ་ཡོད་དམ།

བསམ་ཕོ་འཇིགས་མེད་དབང་ཆེན།

ལན། ལོ་རྒན་ ༦༠ ལ་ཕྱིར་མིག་ཅིག་གཟིགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངམ་གཞུང་འབྲེལ་གྱིས་བོད་མི་བགྲེས་པ་ཐུན་མིན་བོད་ཀྱི་ལག་ཤེས་མཁན་དང་། སྒྱུ་རྩལ་ཟློས་གར་མཁན་ལ་ད་བར་མཐུན་རྐྱེན་གང་ཡང་བསྐྲུན་མེད་ལ་ཆེ་མཐོང་གང་ཡང་ཞུས་པ་བྱུང་མི་འདུག ཁོང་རྣམ་པ་འདས་གྲོང་འགྱུར་སྐབས་སུའང་གསར་འགྱུར་བརྒྱུད་ལམ་ཁག་ནང་ཡིད་སྐྱོའི་གནས་ཚུལ་ཙམ་ཡང་བཀོད་པ་བྱུང་མེད། གལ་ཏེ་བོད་ཀྱི་ཟློས་གར་སྒྱུ་རྩལ་དེ་བཞིན་མི་ཉམས་རྒྱུན་གནས་དགོས་ཚེ་བོད་ཀྱི་ཟློས་གར་ཚོགས་པ་དང་། ཨ་ལྕེ་ལྷ་མོའི་སྐྱིད་སྡུག་གི་ཚོགས་མི་བགྲེས་གཞོན་ཚང་མར་གཞུང་སྒེར་ནས་ཆེ་མཐོང་དང་། ཆ་རྐྱེན་བསྐྲུན་དགོས་འདུག ཆེད་ལས་མི་སྣ་ཕོ་མོ་འདི་ཚོ་ “རྒྱལ་ཁབ་ཀྱི་གཅེས་ནོར་ཁྱད་པར་ཅན་ (National Treasure) བརྒྱུད་འཛིན་གྱི་མི་སྣ་གལ་ཆེ་”རེད་ལགས། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ཀྱིས་ཁོང་རྣམ་པར་རྒྱལ་ཁབ་ཀྱི་གཅེས་ནོར་རིམ་པ་དང་པོ། གཉིས་པ། གསུམ་པ་ཞེས་ཕྱེ་ནས་ཚེ་མཇུག་དེར་ཆེ་མཐོང་དང་སྐྱིད་དལ་ལྷོད་བཞུགས་ལྟོ་གོས་ལ་སེམས་ཁྲེལ་མེད་པ་དགོས། དེ་ནི་ཡར་ཐོན་རྒྱལ་ཁབ་རིག་གནས་ཡོད་པའི་འགྲོ་སྟངས་རྒྱུན་ཤེས་ཤིག་རེད། འདི་ནི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་བྱེད་བྱིངས་ལྟ་བུ་མིན་པ་རིགས་གཅིག་རྐང་འཛིན་ནམ་ཆེད་ལས་པའི་གནས་བབས་བཟུང་ཡོད་པས་ན་དེ་ལྟར་ཡིན་པ་ཤེས་དགོས། ཐག་རིང་བལྟ་དགོས་མི་འདུག ལ་ཕར་ནང་ལ་གཟིགས་དང་། མིག་ལྟོས་བཟང་པོ་དེ་འདྲ་ཡོད་ན་གཞོན་སྐྱེས་མི་རབས་ནང་ལ་བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་དོ་སྣང་དང་དབྱིངས་བཞུགས་ཐུབ་པའི་དགེ་མཚན་ཆེན་པོ་ཡོད།
མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པའི་ནང་འཕྲུལ་གྱི་ལྷ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བྱུང་བར་བསྙད་པའི་བསྟོད་པ་གསུམ་ཞེས་པ་ལས། “དཔའ་བོ་ལ་སྟག་གིས་མ་བསྟོད་ན། དཔའ་བོ་བྱས་པའི་དོན་མེད། མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན། མཛངས་པ་ཡིད་ཞི་འགྲོ། ལེགས་པ་ལ་བྱ་དགའ་མ་བསྟོད་ན། ལེགས་པ་བྱེད་པའི་རུ་མ་མེད།”ཅེས་གསལ་བ་ལྟར་བཟང་པོ་ལ་བྱ་དགའ་དང་བྱས་པ་ཅན་ལ་བཀུར་བསྟི་གུས་ཞབས་མངོན་བསྟོད་བྱ་རྒྱུ་དེ་ནི་འཇིག་རྟེན་ཡ་རབས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཡིན། བྱོན་དང་འབྱོན་འགྱུར་ཁ་བ་རི་པ་བཞག་པ་བཟང་པོ་མཛངས་པ་ཕྱག་རིས་དང་ལྡན་པའི་ཕོ་མོ་རྣམས་ཀྱི་ལོ་རྒྱུས་ཡིག་གཞིར་འཇོག་པ་དང་། བྱས་པ་དྲིན་གཟོའི་བྱ་དགའ་དང་གཟེངས་བསྟོད་མེད་ན་ལས་བྱ་བ་ཅི་ལའང་བཟང་ངན་གྱི་དབྱེ་བ་མེད་པ་བྱོལ་སོང་གི་འདུ་ཤེས་དང་འདྲ། བཟང་པོའི་ངོ་སོ་མ་བསྟོད་ན་ངན་པའི་གཉའ་རྒོད་རེངས་ནས་དུས་ངན་ཤར་བའི་རྟགས་སུ་ཅིས་མི་གོ ལས་བཟང་པོའི་བྱས་རྗེས་ལ་བཀུར་སྟི་སྲི་ཞུ་མེད་ན་ལ་ཡོགས་འཁོར་བ་དང་། འདོ་མེད་པའི་མི་ལ་ལོས་རྩིས་ཆོག སྤྱི་ཚོགས་འཕེལ་རྒྱས་ཆོས་དང་རིག་གཞུང་སྲ་བརྟན་ཡོང་བར་སྤྲེལ་ལད་གཅིག་པུས་འགྲོ་དོན་བསྐྱང་དགོས་ཚེ་མཐའ་མ་གང་ཡང་ཡོང་རྒྱུ་མེད་པའི་ཁ་ཐལ་བར་སྦྱར་ནས་སྡོད་རྒྱུ་ལས་མེད་པ་དངོས་པོའི་ཆོས་ཉིད་རེད་ལགས། ཨ་ཙ་མ།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་༢༠༡༩ ལོའི་ཟླ་༡༠ ཚེས་༡༤ ཉིན་བཅར་འདྲི་པ་བྱས་པ་དང་། གཤམ་དུ་གོ་སྒྲིག་པའི་ངོས་ནས་སྐུ་ངོ་བསམ་ཕོ་འཇིགས་མེད་དབང་ཆེན་ལ་ཕུལ་བའི་གཟེངས་བསྟོད་ཆེ་མཐོང་མཚན་གསོལ་ཡི་གེ་དེ་འགོད་རྒྱུ་ཡིན།

༄༅། །གཟེངས་བསྟོད་ཆེ་མཐོང་མཚན་གསོལ།

༄༅། །ཇི་སྐད་དུ་འཇམ་དབྱངས་བླ་མ་ས་སྐྱ་པཎ་ཆེན་གྱི་གསུང་ལས། དད་ལྡན་རྣམས་ཀྱི་མཆོད་པ་དང་། །བཀྲེན་པ་རྣམས་ཀྱི་འཚོ་བ་དང་། །ཆགས་ཅན་རྣམས་ཀྱི་ཡིད་གསོ་བ། །དེ་ཀུན་རོལ་མོ་མཁས་ལས་བྱུང་། །ཞེས་དང་། གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འབྲུག་སྨྱོན་ཀུན་དགའ་ལེགས་པའི་གསུང་ལས། རྫ་རྔ་ཅང་ཏེའུ་པི་ཝཾ་སྒྲ་སྙན་
དང་། །ལྷ་མིན་རྣ་བའི་དགའ་སྟོན་ཡིད་འཕྲོག་པ། །ཚངས་དབྱངས་ནཱ་དའི་སྒྲ་སྐད་རྒྱ་མཚོ་ཡིས། །སྟོང་གསུམ་མི་མཇེད་གང་བས་འདྲེན་པ་མཆོད། །མྱ་ངན་སྨྲེ་སྔགས་མཐའ་དག་རབ་ཞི་ནས། །སྙན་གྲགས་བ་དན་ཕྱོགས་བཅུར་གཡོ་བར་ཤོག་ཅེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས། ཟབ་དོན་ཆོས་ཀྱི་དེ་ཉིད་མངར་བའི་རོ། །ཉམས་འགྱུར་སྟོང་གི་རྒྱུད་དུ་རྟག་ལེན་པ། །མཚོ་བྱུང་དབྱངས་ཀྱི་མཛོད་འཛིན་ལྷ་མོ་ཡིས། །ཀུན་ཏུ་དགེ་བའི་ངག་གི་དཔལ་སྦྱིན་ཞིག།།ཅེས་མཆོད་པར་བརྗོད་པའི་ལམ་ཡངས་པོར་ཕྱེ་སྟེ་མདོ་དོན་སྙིང་པོར། འདི་ལོ་དགུང་གྲངས་ ༩༣ ལ་ཕེབས་པའི་༸མི་རྗེ་བསམ་ཕོ་འཇིགས་མེད་དབང་ཆེན་མཆོག་ནི། བོད་གཞིས་བྱེས་གཉིས་སུ་སྒྲ་བརྙན་འབུད་བརྡུང་དཀྲོལ་གསུམ་སོགས་སྙན་འཇེབས་ཉམས་འགྱུར་ཕུན་སུམ་ཚོགས་པའི་ཟློས་གར་རོལ་མོའི་རིགས་ཀྱིས་མིག་ཡིད་རྣ་བའི་དགའ་སྟོན་སྦྱིན་མཁན་སྐུ་ན་དང་བསླབ་པ་བགྲེས་ཤོས་ཡིན་སྟབས་བོད་ཀྱི་རོལ་ཆ་མཁན་གྱི་མི་གཡང་དང་། རྒྱལ་ཁབ་ཀྱི་གཅེས་ནོར་དཔེ་བཟང་ཕུལ་བྱུང་མི་སྣའི་མཚན་གསོལ་གཟེངས་རྟགས་གུས་བཏུད་དང་བཅས་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་ཞུ་མཁན་བོད་ཀྱི་ཟློས་གར་ཚོགས་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཐུན་མོང་ནས་བོད་རྒྱལ་ལོ་ ༢༡༤༦ རབ་བྱུང་བཅུ་བདུན་པའི་ས་ཕགཟླ་ ༨ ཚེས་ ༣༠

ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༠ ཚེས་ ༢༨ བཟང་པོར་འབུལ་ལམ་ཞུས་པ་དགེའོ། །དགེའོ། །དགེའོ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།