རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་བའི་བསྒྲགས་གཏམ།
དྷ་སར་ཉིན་གྲངས་གསུམ་རིང་(ཚེས་ ༣-༥ བར)འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་ནས་བསྒྲགས་གཏམ་སྤེལ་བའི་ནང་། བོད་ཀྱི་རང་དབང་འཐབ་རྩོད་ནི་བདེན་པ་དང་དང་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱ་གཞུང་ནས་འཕྲལ་དུ་བོད་རྒྱའི་ཞི་མོལ་སླར་གསོ་དགོས་པ། ༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་༧རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པའི་གྲོས་ཆོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་དོན་ཚན་བརྒྱད་བསྒྲགས་སོང་།
དྷ་སར་ཉིན་གྲངས་གསུམ་རིང་(ཚེས་ ༣-༥ བར)འཚོགས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་ནས་བསྒྲགས་གཏམ་སྤེལ་བའི་ནང་། བོད་ཀྱི་རང་དབང་འཐབ་རྩོད་ནི་བདེན་པ་དང་དང་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱ་གཞུང་ནས་འཕྲལ་དུ་བོད་རྒྱའི་ཞི་མོལ་སླར་གསོ་དགོས་པ། ༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་༧རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པའི་གྲོས་ཆོད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་དོན་ཚན་བརྒྱད་བསྒྲགས་སོང་།
ཐེངས་འདིའི་ཚོགས་ཆེན་མཇུག་བསྡོམས་མཛད་སྒོ་དེ་ཕྱི་ཟླ་༡༡ ཚེས་༥ ཉིན་གྱི་ཕྱི་དྲོ་འཚོགས་སོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཧི་མཱ་ཅལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མན་ཀོ་ཊི་ཡ་(Ajay Singh Mankotia)གཉིས་ཀྱིས་མཇུག་སྐྱོང་གསུང་བཤད་གནང་སོང་།
ཚོགས་ཆེན་མཇུག་བསྡུའི་མཛད་སྒོ་གྲོལ་མ་ཐག ཚོགས་བཅར་བའི་འཐུས་ཚབ་མི་སྣ་ལྔ་ཡིས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས་ཚོགས་ཆེན་གྱི་གྲུབ་དོན་དང་འབྲེལ་བའི་དོན་ཚན་བརྒྱད་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
ཚོགས་ཆེན་ཐོག་གི་བསྒྲགས་གཏམ།
ཕྱི་ལོ་༡༩༩༠ ཕྱི་ཟླ་༣ ནང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ལ་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པའི་དུས་སྐབས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཆེས་ཐོག་མ་དེ་བཞིན་བཞུགས་སྒར་རྡ་སར་གཟབ་རྒྱས་ངང་བསྐོང་ཚོགས་གནང་བ་ཇི་བཞིན། ཐེངས་འདིར་ཡང་བཞུགས་སྒར་དུ་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་གོ་སྒྲིག་འོག ཕྱི་ཟླ་༡༡ ཚེས་༣ ནས་༥ བར་ཉིན་གྲངས་གསུམ་རིང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་༤༢ ཙམ་ནས་ཚོགས་བཅར་བ་ཁྱོན་མི་གྲངས་༡༨༠ ལྷག་ཙམ་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་སོང་།
ཐེངས་འདིར་ཚོགས་བཅར་བའི་རྒྱལ་ཁབ་དང་གྲངས་འབོར་གྱི་ཆ་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་འགྲོས་ཆེ་བའི་ཡོ་ལང་འདི་ལྟ་བུ་ཞིག་གི་དུས་སྐབས་སུ། བོད་དོན་འཐབ་རྩོད་ལ་འཕྲད་བཞིན་པའི་འགོག་རྐྱེན་དང་དཀའ་ངལ་ལ་གདོང་ལེན་གནང་ཕྱོགས། བོད་དོན་འཐབ་རྩོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཇི་འདྲ་ཞིག་གཏོང་རྒྱུའི་གོ་སྐབས་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུ་ནི་སྐབས་བབ་ལས་འགན་ཡིན་པ་ལྟར། ཐེངས་འདིར་ལྷན་ཚོགས་འདི་བརྒྱུད་རྒྱལ་སྤྱིའི་ཁྱོན་ནས་བོད་མིའི་རང་དབང་གི་འཐབ་རྩོད་ཆེད་ཆོད་སེམས་དང་རྒྱབ་སྐྱོར་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་ཡིན་པའི་རྣམ་པ་གསལ་འདོན་གནང་ཡོད།
ཚོགས་བཅར་བ་རྣམས་ཀྱིས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་༸ཞལ་མཇལ་གསུང་ཐོས་སྐབས། འགྲོ་བ་མིའི་བྱམས་བརྩེའི་ནུས་པ་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པར་འཛིན་སྐྱོང་སྤེལ་གསུམ། དེ་བཞིན་རྒྱ་གར་ནང་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་རིག་གནས་སླར་གསོ་མཛད་རྒྱུའི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞི་པོས་སེམས་ནང་སྙིང་སྟོབས་འཕེལ་གཞིར་གྱུར་བ་མ་ཟད། བོད་མིས་འགྲོ་བ་མི་རིགས་ཀྱི་སྤྱི་ཚོགས་ཁྱོན་ལ་ཆོས་དང་རིགས་གཞུང་གི་ཆ་ནས་ཞབས་འདེགས་ཇི་ཙམ་ཞུས་པ་དེ་དག་༸རྒྱལ་བ་དོན་གྱི་བདག་པོས་ཇི་ལྟར་བཀའ་གནང་བ་ལྟར། ཚོགས་བཅར་བ་ཚོས་ངོས་འཛིན་ཞུ་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བོད་མི་ཙམ་ལ་རྒྱབ་སྐྱོར་གནང་བ་ཞིག་མིན་པར་འགྲོ་བ་མི་རིགས་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་པ་དང་། ཀུན་སློང་དེ་འདྲ་ཞིག་རྒྱུན་སྐྱོང་འོག་འབྱུང་འགྱུར་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་བས་ཤུགས་ཆེར་བྱ་རྒྱུའི་ཆོད་སེམས་སྲ་བརྟན་ཐུབ་པ་བྱུང་ཡོད།
ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུག་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་ཡོད། ཕྱོགས་མཚུངས་གསུང་བཤད་གནང་མཁན་ཁྲོད་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག་དང་ཐེ་ཝན། རྒྱ་གར། ལྷོ་ཨ་ཧྥི་རི་ཀ། དབྱིན་ཡུལ། ཨོ་གླིང་། རྒྱ་ནག ཨ་རི་སོགས་ནས་ཡོད། ཚང་མས་སེམས་ནང་སྙིང་སྟོབས་འཕེལ་གཞིའི་བསམ་འཆར་ལྷུག་པོ་གསུངས་པ་མ་ཟད། ཚོགས་ཐུན་ཡོངས་རྫོགས་མ་ཆད་པར་ཚོགས་ཞུགས་གནང་ཡོད། བོད་ནང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་མཐོང་སྐབས་ང་ཚོར་སེམས་འཚབ་ཧ་ཅང་སྐྱེ་བཞིན་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་ནས་ལོ་ངོ་༧༠ ཙམ་རིང་བོད་ས་ཧམ་བཟུང་བྱས་རྐྱེན་བོད་མིར་དཀའ་ངལ་འཕྲད་ཡོད་ཀྱང་ད་དུང་དཀའ་ངལ་དེ་དག་སེལ་ཐབས་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་ཞུ་རྒྱུའི་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་རྩ་བ་ནས་མ་བསྟན་པར་དེ་མུར་གནས་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་བསྐྱར་གསོ་གནང་དགོས་པ་ཞུ་རྒྱུ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཀྱང་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོས་འཚེ་མེད་ཞི་བའི་ལྟ་བར་མཐའ་གཅིག་ཏུ་ཡིད་ཆེས་མཛད་ནས་བོད་རྒྱ་གཉིས་སྨན་གྱི་སྲིད་བྱུས་རྒྱུན་སྐྱོང་མཛད་བཞིན་པར་ང་ཚོས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། ལྷག་པར་གཞིས་ལུས་བོད་མི་ཚོས་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་ཀྱི་གོ་ཆ་གྱོན་ནས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཆེད། རྒྱ་ནག་གཞུང་གི་དབང་སྒྱུར་ལ་གདོང་ལེན་གནང་བཞིན་པ་དེར་ང་ཚོས་ཡི་རངས་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་བཅས་ཀྱི་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ཡོད་ཀྱང་། སྲིད་གཞུང་མང་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྐྱོན་བརྗོད་བྱ་རྒྱུར་འཇིགས་ནས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་མཐོང་སྐབས་ང་ཚོར་བློ་ཕམ་སྐྱེ་བཞིན་འདུག ད་ཆ་ཧོང་ཀོང་མི་མང་ཚོ་ཡང་རྒྱ་ནག་གཞུང་གིས་དམ་དྲག་སུན་གཙེར་ཧ་ཅང་བཟོ་བཞིན་ཀྱང་སྣང་མེད་དུ་གཏོང་བཞིན་ཡོད། བྱེད་བབ་དེ་དག་ནི་བློ་ཕམ་གྱི་གནས་རེད། སྲིད་གཞུང་ཁག་དང་ཚོང་དོན་སྒྲིག་འཛུགས་ཁག་གཅིག་གིས་དྲང་བདེན་གྱི་ཕྱོགས་སུ་རྒྱབ་ལང་བྱ་རྒྱུའི་ཚབ་ཏུ། འཕྲལ་སེལ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ནས་མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར། རང་ཐག་རང་གཅོད། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་བཅས་ལ་རྩིས་མེད་རྡོག་རོལ་བཏང་ནས་རྒྱ་ནག་གཞུང་དང་བསྟུན་མཁས་ཁོ་ན་བྱེད་བཞིན་ཡོད།
ང་ཚོ་རང་དབང་ཡོད་མཁན་རྒྱལ་ཁབ་ནང་དུའང་རྒྱ་ནག་གཞུང་གིས་མང་གཙོ་དང་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་སྐབས་གདོང་ལེན་བྱེད་ཐུབ་ཀྱི་མེད། འོན་ཀྱང་ང་ཚོས་རྒྱ་ནག་གཞུང་གིས་གནས་དུས་ཚོད་རྩིས་ཀྱི་བྱེད་བབ་དེར་ང་ཚོ་བློ་མཐུན་ཐུན་མོང་མནའ་འབྲེལ་འོག་ནས་ཐ་གཅིག་ཏུ་ངོ་རྒོལ་གདོང་ལེན་བྱ་རྒྱུ་ལས་དེ་མུར་བཞག་ནས་ངན་པ་རྒྱ་ཡན་དུ་གཏོང་ཐབས་རྩ་བ་ནས་མེད།
བོད་ནི་གོ་ལའི་སྣེ་གསུམ་པ་ཡིན་སྟབས་བོད་མཐོ་སྒང་གི་ཁོར་ཡུག་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཧ་ཅང་ཡོད་སྟབས། ང་ཚོས་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐོག་བགྲོ་གླེང་ནམ་བྱུང་སྐབས་བོད་ཀྱི་ཁོར་ཡུག་དེ་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་ཡོང་ཐབས་བྱ་རྒྱུ་ཡིན། བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་བདེ་སྡུག་དང་འབྲེལ་བ་ཧ་ཅང་ཡོད་སྟབས། དེ་ལ་བརྟེན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་ང་ཚོས་ཡོངས་གྲགས་ངོས་འཛིན་ཞུ་བཞིན་ཡོད།
འདི་ལོའི་ཕྱི་ཟླ་༡༠ ནང་བཞུགས་སྒར་དུ་དམིགས་བསལ་ཚོགས་ཆེན་སྐབས་འབྱུང་འགྱུར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཞུ་རྒྱུའི་བདག་དབང་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་དགའ་ལྡན་ཕོ་བྲང་ཐེབས་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པའི་གྲོས་ཆོད་དེར་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། དེར་བརྟེན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཞུ་རྒྱུའི་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་ང་ཚོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱ་ནག་གཞུང་ལ་དེ་ལྟར་བྱ་རྒྱུའི་ཁྲིམས་མཐུན་གྱི་བདག་ཐོབ་རྩ་བ་ནས་མེད་པར་ངོས་འཛིན་བྱེད་བཞིན་ཡོད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དེར་ངོ་རྒོལ་གནང་དགོས་པ་མ་ཟད། ཁྲིམས་འགལ་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།