རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག་བསྒྲགས་གཏམ་ཞིག་སྤེལ་འདུག
ཟླ་འདིའི་ཚེས་༢༣ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་གསར་པའི་རྒྱལ་སྤྱིའི་འཚོགས་ཁང་ནང་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་དེ་ཟླ་འདིའི་ཚེས་༢༤ ཉིན་མཇུག་བསྡོམས་བྱས་པ་དང་། ཚོགས་ཆེན་ཐོག་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
ཟླ་འདིའི་ཚེས་༢༣ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་གསར་པའི་རྒྱལ་སྤྱིའི་འཚོགས་ཁང་ནང་འཚོགས་པའི་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་དེ་ཟླ་འདིའི་ཚེས་༢༤ ཉིན་མཇུག་བསྡོམས་བྱས་པ་དང་། ཚོགས་ཆེན་ཐོག་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
བོད་མི་སྒེར་པ་ཁག་ཅིག་གིས་གོ་སྒྲིག་བྱས་པའི་ཉིན་གཉིས་རང་གི་ཚོགས་ཆེན་དེའི་ཐོག་བོད་རང་བཙན་འཐབ་རྩོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་ཚོགས་ཞུགས་པ་ནང་ཁུལ་བགྲོ་གླེང་གྲོས་བསྡུར་བྱས་པ་དང་། ཚོགས་ཐེངས་གཉིས་རིང་ཚོགས་ཞུགས་པ་དང་། དེ་མིན་གྱི་བོད་མི། རྒྱ་གར་བ་བཅས་འདུ་འཛོམས་ཐོག་རྒྱ་གར་གྱི་མཁས་དབང་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གཏམ་བཤད་བྱས་ཡོད་པ་རེད།
རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་གྱི་བསྒྲགས་གཏམ།
(ལྡི་ལི། ཕྱི་ལོ་༢༠༡༥ ཟླ་༥ ཚེས་༢༤)
སྔོན་གླེང།
བསིལ་ལྡན་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ཆོས་རིག་དཔལ་གྱིས་ཕྱུག་པའི་བོད་རྒྱལ་ཁབ་ནི། རིག་གནས་དང་ལོ་རྒྱུས། འཛིན་སྐྱོང་གང་ཐད་ནས་རང་དབང་རང་བཙན་གྱི་ངོ་བོར་གནས་པའི་རྒྱལ་ཁབ་ཅིག་ཡིན་ནའང། བར་ལམ་ཕྱི་ལོ་༡༩༤༩ ཙམ་ནས་རྒྱ་དམར་དྲག་པོའི་གཞུང་གིས་ཧམ་ཟ་བཙན་བཟུང་བྱ་རྒྱུའི་དམིགས་ཡུལ་ངན་པ་བཟུང་སྟེ། བསླུ་བྲིད་དྲག་གནོན་གྱི་ཐབས་ལམ་སྣ་ཚོགས་བརྒྱུད་བོད་ཤར་ཕྱོགས་ནས་རིམ་པར་དཔུང་འཇུག་གིས་ཆབ་མདོ་བཙན་བཟུང་བྱས། དེའི་རྗེས་སུ་བོད་དབུས་སུ་དཔུང་འཇུག་བདེ་ཆེད་ཁོ་ནར་དམིགས་ནས་བོད་གཞུང་དང་གྲོས་མོལ་བྱ་རྒྱུའི་གྲོས་འགོ་རིམ་བཏོན་བཞིན། ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་གཞུང་གི་སྐུ་ཚབ་རྣམ་པར་འཇིགས་སྐུལ་དང་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་མོས་མཐུན་མེད་ཀྱང་ས་ཡིག་འགོད་དུ་བཅུག་པ་སོགས། བོད་ཡུལ་ཡོངས་རྫོགས་གཡོ་ཐབས་ཀྱིས་རྒྱ་འོག་ཏུ་འཇུག་རྒྱུའི་བྱུས་ངན་དེ་ཡོངས་ཁྱབ་ཀྱིས་ལག་བསྟར་བྱ་རྒྱུའི་འགོ་བཙུགས།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྣེ་མོ་བ་རྣམས་ཀྱིས་ལན་དགུ་ཆད་མཐུད་དང། མེས་ཚིག་མེར་གཏུག་གི་དཔེ་བཞིན་བསྟུན་མཁས་དང་གུ་ཡངས་བཟོད་བསྲན་གང་ཐུབ་གནང་ཡང། རྒྱ་གཞུང་གི་ཧམ་སེམས་མངོན་དུ་གྱུར་ནས་མི་མང་ལ་བཙན་ཤེད་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་བཙན་ཁྲིད་བྱ་འཆར་གྱི་ངན་བྱུས་མངོན་གསལ་རིམ་ཅན་དུ་བྱུང་བས། ཕྱི་ལོ་༡༩༥༩ ལོའི་༣ ཚེས་༡༠ ཉིན་བོད་ཆོལ་གསུམ་རྒྱ་ཆེའི་མི་མང་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་ངོ་རྒོལ་བྱེད་དགོས་བྱུང་ཞིང། ༸གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་ཕེབས་དགོས་བྱུང། སྐབས་དེར་བོད་མི་མི་ཉུང་བ་ཞིག་ཀྱང་བཙན་བྱོལ་དུ་ཡོང་ཞིང། ལོ་དེའི་ཟླ་༤ ཚེས་༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ས་ཆ་ཏི་ཛུ་པུར་དུ་རྒྱལ་སྤྱིའི་གསར་འགོད་པ་བརྒྱ་ཕྲག་བརྒལ་བར་བོད་རང་བཙན་གཙང་མའི་རྒྱལ་ཁབ་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པ་དང། རྒྱ་ནག་གི་བཙན་ཤེད་སྡིགས་སྐུལ་འོག་བཞག་པའི་དོན་ཚན་བཅུ་བདུན་ལ་ཁས་ལེན་མེད་པའི་གཞུང་འབྲེལ་གསལ་བསྒྲགས་བསྐྱངས།
༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་༡༩༥༩ ལོ་ནས་བཟུང་ལོ་ཤས་རིང་མུ་མཐུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་འབོད་རིམ་བྱས་ལྟར། མཉམ་འབྲེལ་རྒྱལ་ཚོགས་ནས། “བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང། རང་དབང་བཙན་འཕྲོགས་བྱེད་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་ཞེས་སླར་ཡང་དོ་གལ་ཆེན་པོས་འབོད་སྐུལ་བྱ་རྒྱུ།”ཞེས་སོགས་སྔ་རྗེས་གྲོས་ཆོད་རིམ་འཇོག་བྱས་ནས་བོད་ལ་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པར་ངོས་འཛིན་དང། བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ཐག་གཅོད་གནང།
རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དཔུང་འཇུག་བྱས་པ་ནས། རིག་གནས་གསར་བརྗེ་ཟེར་བའི་སྐབས་སོགས་སུ་བོད་མི་འབུམ་བཅུ་གཉིས་ཙམ་དུས་མིན་རྐྱེན་ལམ་དུ་བཏང་ཞིང། བོད་པའི་ཆོས་དང་རིག་གནས་ཚང་མ་མིང་གི་ལྷག་མ་ཙམ་དུ་བསྒྱུར། ཕྱིས་སུ་རྒྱ་ནག་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་སྲིད་བྱུས་གུ་ཡངས་ཅན་དུ་བསྒྱུར་བ་དང་འབྲེལ། ཆོས་དད་སོགས་ཀྱང་ཚད་བཀག་ཆེན་པོའི་ཐོག་རང་དབང་གི་ཁ་གཡང་ཙམ་ཕྱོགས་ཀུན་ཏུ་བསྒྲགས་པ་དང། བོད་པའི་ཆོས་དང་རིག་གནས་ཀྱི་མེ་རོ་སླར་ཡང་གསོ་བའི་གོ་སྐབས་ཕྲན་ཙམ་ཐོབ། འོན་ཀྱང་སྤྱི་ཡོངས་ནས་བོད་ཀྱི་རིག་གནས་རྒྱུད་འཛིན་དང། མི་མང་གི་རང་དབང་དང་ཐོབ་ཐང་འདྲ་མཉམ་མིན་པའི་གནས་ཚུལ་སྣ་ཚོགས་མུ་མཐུད་བྱུང་བ་སོགས། མདོར་ན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་ད་བར་བོད་ནང་དུ་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་སྲོག་བློས་གཏོང་མཚམས་མ་ཆད་པར་བཙན་རྒོལ་གྱེན་ལངས་རིམ་བཞིན་བྱེད་དགོས་བྱུང། རྒྱ་གཞུང་གི་བཙོན་ཁང་བོད་མིས་གང་ཞིང་མནར་གཅོད་སྣ་ཚོགས་ཀྱི་འོག་ནས་ཚེ་སྲོག་ཤོར་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཇི་སྙེད་ཅིག་བྱུང་བ་དང། བོད་མི་དུ་མ་ཞིག་གི་ཚེ་སྲོག་རྒྱ་གཞུང་གི་མེ་མདའི་སོ་འོག་ཏུའང་དྲངས་ཡོད།
ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་༡༤༠ བརྒལ་བྱུང་བ་སོགས། གཞིས་བཞུགས་རྒྱ་ཆེའི་མི་མང་རྒྱ་གཞུང་གི་མནར་གཅོད་འོག་ཏུ་སྡོད་འདོད་མེད་པར་རང་དབང་རང་བཙན་དགོས་པ་དང། ༧གོང་ས་མཆོག་བོད་ལ་ཞབས་སོར་འཁོད་དགོས་པའི་འབོད་སྐུལ་ཚེ་སྲོག་ལ་བརྟེན་ནས་ཞུས་ཡོད་ཀྱང། རྒྱ་དམར་དྲག་པོའི་གཞུང་གིས་ཡ་ལན་གཏན་ནས་མ་བྱས་པ་མ་ཟད། མ་ཉེས་ཁག་གཡོགས་དང་ནག་མེད་ཉེས་འཛུགས་ཚད་ལས་བརྒལ་བ་བྱས་ཡོད། དེ་བཞིན་བཙན་བྱོལ་ནང་ནས་ཀྱང་བོད་རང་དབང་རང་བཙན་སླར་གསོའི་ཆེད་བོད་མི་༦ གིས་སྔ་རྗེས་སུ་རང་ལུས་མེར་སྲེག་གནང་བ་དེ་དག་གིས། རང་ཉིད་ཀྱི་རྩ་ཆེ་བའི་ཚེ་སྲོག་དེ་ཉིད་བོད་དོན་འཐབ་རྩོད་ཀྱི་ཆེད་དུ་བློས་གཏོང་གནང་ཡོད།
གཙོ་ཆེ་ཤོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དཀྱེལ་ཡངས་ཆེན་པོའི་སྒོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་མཛད་ཡོད་ནའང། རྒྱ་གཞུང་གིས་དེ་ལ་ཡ་ལན་གཏན་ནས་མེད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང། བོད་ནང་མི་སེར་སྤེལ་བའི་བཙན་དབང་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་པ་བཅས་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲིས་བཙུག་པ་ལྟ་བུའི་ན་ཟུག་ཆེན་པོ་གཏོང་གི་ཡོད། ལྷག་པར་དུ་ཉེ་ཆར་ཕྱི་ཟླ་༤ ཚེས་༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ཟེར་བ་ནས། བོད་དོན་སྐོར་བཏོན་པའི་“རྒྱབ་ཤ་དཀར་པོ་”ཟེར་བའི་ཡིག་ཆར་གསལ་པོ་བཀོད་པ་བཞིན། དབུ་མའི་ལམ་ཀྱི་དགོངས་གཞི་ལྟར་བོད་དོན་ཞི་འགྲིག་བྱ་རྒྱུའི་འདུན་པ་རྩ་བ་ནས་མེད་པ་ས་རིས་ཐང་གསལ་དུ་གྱུར་པར་བརྟེན། ཐོག་མར་བོད་རང་བཙན་སླར་གསོའི་ལངས་ཕྱོགས་འཛིན་མཁན་གྱི་མི་སྣ་ཁག་ཅིག་མཉམ་འཛོམས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞིག གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་གིས་བཞག་སྟེ་མི་ལོ་ཧྲིལ་པོ་༦༤ འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོགས་རྒྱུ་གཏན་འབེབས་དང། སྐབས་འདིར་ཚོགས་ཆེན་ཐོག་དེར་བོད་རང་བཙན་འཐབ་རྩོད་ཀྱི་སྣེ་ཁྲིད་པ་མི་གྲངས་བརྒྱ་ལྷག་འཛོམས་ནས་གྲོས་བསྡུར་ཐག་གཅོད་བྱས་པའི་སྙིང་དོན་ཁག་གཤམ་དུ་གསལ།
གཅིག རྩ་དོན་གྱི་ལངས་ཕྱོགས།
བོད་རྒྱལ་ཁབ་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང། རྒྱ་གཞུང་གིས་མ་བདག་བདག་བཟུང་བཙན་འཛུལ་ཧམ་ཟ་བྱས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། དགྲ་བོ་རྒྱ་དམར་གཞུང་ཕ་གསོད་ཀྱི་ལག་དམར་དང། བོད་མི་རྣམས་ཕ་ཤུལ་དུ་ལུས་པའི་དྭ་ཕྲུག་ལྟ་བུའི་འདུ་ཤེས་བཟུང་ནས། མི་ཚེ་མི་རབས་ལ་འཐབ་རྩོད་བྱེད་དགོས་བྱུང་ཡང་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱ་རྒྱུའི་ཆོད་སེམས་སྙིང་བཅངས་བྱ་རྒྱུ་དང། བོད་ཕྱི་ནང་གཉིས་ཀྱི་ན་གཞོན་རྣམས་ལ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདེན་དོན་རང་དབང་རང་བཙན་རྩོད་པའི་ནུས་ཤུགས་གོང་སྤེལ་བྱ་རྒྱུར་ཕྱོགས་ཡོངས་ནས་འབད་བརྩོན་བྱ་རྒྱུ།
གཉིས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན།
བོད་ནང་དུ་ཛ་དྲག་གནས་སྟངས་བྱུང་རིམ་བཞིན་རྒྱལ་སྤྱིའི་སྟེང་ཞུ་གཏུག་དང། ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ནས་བོད་ནང་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཚད་མཐོའི་བློས་གཏོང་ལ་ཡི་རངས་དང་ཁོང་ཚོའི་མངོན་འདོད་འགྲུབ་རྒྱུར་འབད་བརྩོན་བྱ་རྒྱུ། རྒྱ་དམར་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་ཐོག་ནས་དམ་དྲག་དང། དཔལ་འབྱོར་དང་ཤེས་ཡོན་གྱི་ཐོག་ནས་དབྱེ་འབྱེད། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་བཞིན་པ་བཅས། སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་འཆར་གྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོག་དང་ཐེར་འདོན། དེ་བཞིན་རྒྱ་དམར་གཞུང་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་ཁག་དང། རྒྱ་དམར་གཞུང་ལ་ཁ་གཏད་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་ཁག་སོགས་ལ་མཐུན་ལམ་མཉམ་འབྲེལ་གྱིས་ནུས་པ་གཅིག་ཏུ་སྤུངས་ནས་འཐབ་རྩོད་བྱ་རྒྱུ།
གསུམ། བོད་སྤྱི་པའི་རྩ་དོན་ཆེད་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས།
བོད་རང་བཙན་སླར་གསོ་བྱ་རྒྱུར་ལངས་ཕྱོགས་བརྟན་བཟུང་དང་དམ་བཅའ་ལྷོད་མེད་བྱ་རྒྱུ་དེ་ལྟར་ཡང། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་ཉག་གཅིག་ཡིན་པ་སྨྲོས་མེད་ཐོག སྐུ་ཚེ་གང་ལ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ངལ་བླ་ན་མེད་པར་བསྐྱངས་གནང་མཛད་པར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
༧མགོན་པོ་གང་ཉིད་ཀྱིས་གསོལ་བསྩལ་གནང་བའི་རང་དབང་མང་གཙོའི་ལམ་ལུགས་བརྒྱུད་བོད་མི་རྣམས་ཀྱིས་རང་འགན་རང་ཁུར་ཐུབ་པ་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་དང། གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་ལ་གུས་བཀུར་ཐོག མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་དང་ལངས་ཕྱོགས་འདྲ་མིན་ཡོང་ཆོག་པ་དང་ཡོང་དགོས་པ་ཞིག་ཡིན་པ་ལྟར། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་ཡང་མི་འདྲ་བ་མང་པོ་དགོས་གལ་ཆེ་བས། ལངས་ཕྱོགས་གཞན་འཛིན་མཁན་རྣམས་ལ་དོན་མེད་བསྙོན་འཛུགས་མི་བྱེད་པར་གུ་ཡངས་གུས་བཀུར་ཞུ་རྒྱུ་དང། བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་ལ་སྙད་འདོགས་དང་ཁག་དཀྲི་ག་རེ་བྱས་ཀྱང་བཟོད་བསྲན་ངང་རིང་བྱ་རྒྱུ།
བཞི། རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ཐབས།
སྤྱིར་བོད་པའི་འཐབ་རྩོད་ཀྱི་འགན་ཁུར་དེ་བོད་པ་རང་ཉིད་ཀྱིས་ལེན་དགོས་པ་གཞིར་བཟུང་ཐོག དེང་དུས་ཀྱི་འགྲོས་དང་མཐུན་པར་བོད་ཀྱི་རང་དབང་རང་བཙན་སླར་གསོ་ཡོང་ཐབས་སུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་དང། དེ་ཡང་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དགོས་མཁོ་དང་ཁེ་ཕན་ཁོ་ནར་དམིགས་ནས་བོད་པར་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས།
ལོ་རྒྱུས་ཀྱི་མཛའ་འབྲེལ་ཙམ་དུ་མ་ཟད་བོད་མི་རིགས་དང་རྒྱལ་ཁབ་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཛ་དྲག་དཀའ་ངལ་འཕྲད་སྐབས་བཀའ་དྲིན་འགྲན་ཟླ་བྲལ་བ་རྒྱ་གར་རྒྱལ་ཁབ་ཆེན་པོའི་གཞུང་དམངས་གཉིས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། སླད་ཀྱང་མུ་མཐུད་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་དང་ཆབས་གཅིག བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་ཡིན་པའི་དྲན་སྐུལ་ཡང་ཞུ་རྒྱུ་ཡིན། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཤར་ནུབ་ཀྱི་གཞུང་སྒེར་ཚོགས་སྡེ་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང། མུ་མཐུད་བོད་རང་དབང་རང་བཙན་སླར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཡང་ཞུ་བཞིན་ཡོད།
མཐའ་དོན་བོད་རང་དབང་རང་བཙན་མྱུར་དུ་ཐོབ་ནས་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་འཆར་བ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་ཐུབ་པའི་སྨོན་འདུན་དང་བཅས། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ནས་ཕྱི་ལོ་༢༠༡༥ ཟླ་༥ ཚེས་༢༤ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་ཁང་ནས། བོད་རྒྱལ་ལོ།