རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་མཇུག་བསྒྲིལ་འདུག
རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་དེ་ཟླ་བ་འདིའི་ཚེས་༡༣ ནས་༡༥ བར་དུས་ཡུན་ཉིན་གསུམ་རིང་ཁེ་ན་ཌ་ཊོ་རོན་ཊོའི་གངས་ལྗོངས་ཆོས་ལྡན་གླིང་དུ་ཚོགས་ཡོད་པ་དང་། ཐེངས་འདིིའི་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཁེ་ན་ཌ་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ར་ཌ་རེ་ཌེ་ཁབ་ཕུ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྣམ་པ་བདུན། དེ་བཞིན་འཇམ་དབྱངས་ནོར་བུ་དང་དོན་གྲུབ་ལྷ་དར་གཙོས་པའི་རང་བཙན་འཐབ་རྩོད་པ་ཨ་རི་དང་ཡོ་རོབ། རྒྱ་གར་སོགས་ས་གནས་མི་འདྲ་བ་ཁག་མང་པོ་ནས་མི་གྲངས་༢༥༠ ལྷག་མཉམ་ཞུགས་གནང་སྟེ། བོད་རང་བཙན་སླར་གསོའི་གལ་ཆེའི་རང་བཞིན་གྱི་སྐོར་སོགས་བགྲོ་གླེང་གནང་ཞིང་།
མཇུག་བསྡོམས་སྐབས་སུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་བསྒྲགས་གཏམ་ཞིག་སྤེལ་འདུག་ལ། དེའི་ནང་དུ་རྒྱ་གཞུང་གིས་བོད་ཧམ་བཟུང་བྱས་རྗེས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་གྱར་ཚུལ། རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་རྩ་གཏོར་བཏང་བ་དང་། བོད་མི་འབུམ་བཅུ་གཉིས་ལྷག་གི་ཚེ་སྲོག་འཕྲོགས་པ། དེ་བཞིན་གཞིས་ཀྱི་བོད་མི་ཚོའི་ད་ལྟའི་གནས་སྟངས་དྲག་གནོན་འོག་ཏུ་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པ། ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ཏེ། ༢༠༠༩ ནས་བཟུང་ཤེས་རྟོགས་བྱུང་བ་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐྱ་སེར་དབྱེ་བ་མེད་པ་གྲངས་༡༥༧ བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་བ་དང་། ཁོང་རྣམ་པའི་རླབས་ཆེན་གྱི་བློས་བཏང་ནི་རང་བཙན་འཐབ་རྩོད་པ་ཚོས་ནམ་ཡང་བརྗེད་མི་རུང་བ་མ་ཟད། རང་བཙན་སླར་གསོའི་ཆེད་འབད་བརྩོན་བྱེད་དགོས་པའི་སྐུལ་མ་ཆགས་ཡོད་སྐོར་སོགས་འཁོད་འདུག་ལ། གཞན་ཡང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་བྱུང་རིམ་དང་། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་དགོས་དམིགས་ཀྱི་སྐབས་སུ། རྒྱ་གཞུང་གིས་ཕྱི་ལོ་༡༩༤༩ ལོར་ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་སླད། བོད་རང་བཙན་འཐབ་རྩོད་པ་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་བློས་བཏང་གི་ལོ་རྒྱུས་ལ་དྲན་གསོ་དང་གུས་འདུད་མཚོན་ཆེད་དང་། རྒྱ་གཞུང་ལ་ཁ་གཏད་གཅོག་ཆེད། བོད་རང་བཙན་སླར་གསོའི་ཕུགས་བསམ་དང་། སྙིང་སྟོབས། བློ་རྩ་བརྟན་པོ་ཡོད་མཁན་རྣམས་ལྷན་དུ་འཛོམས་ནས་གོ་བསྡུར་སྦྱངས་བཤད་ཀྱིས། མ་འོངས་འཐབ་རྩོད་བྱེད་ཕྱོགས་ཐད་རིག་པ་དང་བསམ་བློ་གསར་པ་ཞིག་རྙེད་པའི་ཆེད་དུ་དམིགས་པ་དང་། དེ་བཞིན་བོད་རྒྱའི་བར་གྱི་འཐབ་རྩོད་འདི་དབང་སྒྱུར་བྱ་ཡུལ་དང་དབང་སྒྱུར་བྱེད་མཁན་བར་གྱི་འཐབ་རྩོད་ཅིག་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་བདག་དབང་གི་ཐོབ་ཐང་ཆེད་དུ་ད་བར་བཙན་གནོན་འོག་གི་བོད་མི་ཚོའི་གཉའ་ཞུམ་མྱོང་མེད་པ། ཇི་སྲིད་བོད་མི་མང་ལ་རྒྱལ་ཁབ་ཀྱི་བདག་དབང་བསྐྱར་གསོ་མ་ཐུབ་བར། ཤི་པོའི་ཁ་ཆེམས། གསོན་པོའི་རེ་བ། བོད་རང་བཙན་གྱི་མངོན་འདོད་མངོན་འགྱུར་ཡོང་བ་བྱ་རྒྱུ། རྒྱ་གཞུང་གི་དབང་སྒྱུར་འོག་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ད་ལྟའི་མི་རབས་ཀྱིས་རྗེས་དྲན་དང་། འཐབ་རྩོད་མུ་མཐུད་མཇུག་སྐྱོང་རྒྱ་སྐྱེད་བཅས་ལ་དམིགས་པ་ཡིན་པ་སོགས་འཁོད་འདུག
གཞན་ཡང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་བསྒྲགས་གཏམ་གྱི་དོན་གནད་ཁག་ཏུ། མི་ལོ་སྟོང་ཕྲག་མང་པོའི་སྲིད་འབྱོར་རིག་གསུམ་གྱི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་ཆེན་པོར་རྒྱ་གཞུང་གིས་ཁྲིམས་འགལ་གྱིས་བཙན་འཛུལ་དང་། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ལ་ངོ་རྒོལ་དང་། རྒྱ་གཞུང་ལ་དུས་ནམ་ཡང་ཡིད་ཆེས་མེད་པ། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་བཏང་དང་གཏོང་བཞིན་པ་ལྟར། རྭ་རྒྱ་ཤེས་རིག་སློབ་གླིང་སྒོ་བརྒྱབས་པ་དེར་ཚོགས་ཆེན་འདིའི་ཐོག་ནས་ངོ་རྒོལ་དང་དགེ་སློབ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུས་པ། རྒྱ་གཞུང་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་བོད་མིར་སྡུག་རྩུབ་ཀྱི་སྲིད་བྱུས་ལག་ལེན་བསྟར་བའི་ནག་ཉེས་ཉེ་ཆར་འཛམ་གླིང་མི་སེར་ཁྲིམས་ཁང་གིས་ཡོངས་གྲགས་དང་འཛིན་བཟུང་གི་བཀོད་ཁྱབ་བཏང་བ་བཞིན། ཁྲིམས་ཁང་གི་དྲང་བདེན་ཐག་གཅོད་ལ་ཐུགས་རྗེ་ཆེ་ཞུས་པ། བོད་པའི་གསར་ཁང་ཚོས་ཕྱོགས་སུ་མ་ལྷུང་པར་དྲང་བདེན་བྱེད་དགོས་པ་སོགས་འཁོད་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་གཤམ་གསལ་ལྟར་གྱི་གྲོས་ཆོད་དོན་ཚན་དགུ་ཅན་ཞིག་བཞག་འདུག
༡ རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་འཚོགས་རིམ་བཞིན་རྒྱལ་སྤྱི་རང་བཞིན་གྱི་བོད་རང་བཙན་ཚོགས་པ་ཞིག་གསར་འཛུགས་དགོས་པའི་དགོངས་ཚུལ་བྱུང་ཞིང་། ལྷག་པར་དུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་སྐབས་སུ་ཚོགས་བཅར་བའི་ཁྲོད་རང་བཙན་ཚོགས་པ་གསར་འཛུགས་དགོས་པའི་གྲོས་ཆོད་བྱུང་པ་གཞིར་བཟུང་། ཚོགས་ཐོག་ནས་ཚོགས་པ་གསར་འཛུགས་ཐད་ཆེད་དུ་ཞིབ་འཇུག་ཚོགས་ཆུང་བསྐོ་བཞག་གི་ཞིབ་འཇུག་སྙན་ཐོ་ཚོགས་ཆེན་སྐབས་བདུན་པའི་ཐོག་སྒྲོག་སྦྱང་གནང་བའི་ནང་བརྒྱ་ཆ་ ༨༨ ལྷག་གིས་ཚོགས་པ་གསར་འཛུགས་བྱ་དགོས་པའི་དགོངས་ཚུལ་བྱུང་པ་དང་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་སྟེང་ནས་གྲོས་བསྡུར་རིམ་པ་བྱས་རྗེས་མང་མོས་ཀྱིས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་འབྲེལ་མཐུད་ལྷན་ཚོགས་གསར་འཛུགས་བྱས་ཡོད།
༢ གསར་དུ་བཙུགས་པའི་རྒྱལ་སྤྱི་རང་བཞིན་གྱི་བོད་རང་བཙན་ཚོགས་པ་འདི་བཞིན་ད་ཡོད་བོད་རང་བཙན་གྱི་ཚོགས་པ་དག་དང་འགྲན་རྩོད་ཀྱི་རྣམ་པ་ཞིག་མ་ཡིན་པར། བོད་རང་བཙན་གྱི་ཚོགས་པ་ཁག་དང་མཉམ་ལས་ཀྱིས་བོད་རང་བཙན་འཐབ་རྩོད་ལ་སྔར་ལས་ལྷག་པའི་ནུས་པ་དང་གསོན་ཤུགས་སྐྲུན་ཐུབ་པ་ཞིག་ཡོང་རྒྱུར་དམིགས་ཡོད།
༣ རྒྱལ་སྤྱི་རང་བཞིན་གྱི་བོད་རང་བཙན་ཚོགས་པ་འདི་རྒྱུན་གནས་རྒྱ་ཁྱབ་སླད་རྒྱུན་ལས་གསར་འདེམས་དང་སྒྲིག་གཞི་གཏན་འབེབས། དཔལ་འབྱོར་འདུ་འགོད། ལས་དོན་འཆར་འགོད། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལག་བསྟར་མཇུག་སྐྱོང་བྱ་དགོས།
༤ ཚོགས་ཆེན་འདིའི་ཐོག་ནས་མ་འོངས་པར་བོད་རང་བཙན་གྱི་ལས་དོན་དང་གནས་ཚུལ་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་དང་མི་མང་ཁྲོད་བོད་རང་བཙན་གྱི་གོ་རྟོགས་ཡོང་ཆེད་བོད་རང་བཙན་གྱི་དྲྭ་རྒྱའམ་བརྒྱུད་ལམ་ཞིག་འཛུགས་དགོས་རྒྱུ།
༥ ད་སྔ་བར་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡ་ལན་གང་ཡང་བྱུང་མེད་ཅིང་། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ལ་ངེས་ཤེས་འདྲོངས་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་པ་དང་། གཞུང་གི་ལངས་ཕྱོགས་བོད་རང་བཙན་གྱི་ལམ་ཁར་བསྐྱར་ལོག་རྒྱག་དགོས་པའི་འབོད་སྐུལ་ཞུ་རྒྱུ།
༦ རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་ཏུ་བོད་རང་བཙན་ལ་རྒྱབ་སྐྱོར་འཚོལ་དགོས་ཤིང་། དེ་འབྲེལ་གྱི་སྲིད་ཇུས་འཛིན་ཐུབ་པར་འབད་བརྩོན་དང་རྒྱལ་སྤྱིའི་བོད་རང་བཙན་ཞུ་གཏུག་ཉིན་མོ་ཞིག་གཏན་ཁེལ་བྱ་རྒྱུ།
༧ ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་ནང་ཁུལ་གྱི་རྩོད་རྙོག་སོགས་གནས་བབ་དང་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་མི་འགྱང་བའི་དུས་ཡུན་ནང་རྒྱ་ནག་གཞུང་འགོ་རྟིང་སློག་པའམ་མང་གཙོར་འགྱུར་བ། རྒྱ་ནག་ཁ་འཐོར་དུ་གྱུར་པ་སོགས་བྱུང་ན། ང་ཚོ་བཙན་བྱོལ་གཞུང་དམངས་གཉིས་དང་། ལྷག་པར་དུ་བོད་རང་བཙན་གྱི་ཚོགས་སྡེ་ཁག་གིས་ངེས་པར་དུ་ད་ལྟ་ནས་གྲ་སྒྲིག་བྱ་དགོས་པའི་དུས་ལ་སླེབས་ཡོད་པའི་དྲན་སྐུལ་བྱེད་ཀྱི་ཡོད།
༨ ༢༠༡༣ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་འབྲེལ་བ་མི་བྱེད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དེ། རང་བཙན་གྱི་འཐབ་རྩོད་སྤྱི་དང་ཡང་དགོས་བོད་རང་བཙན་གྱི་ཚོགས་པ་ཁག་གི་མཐུན་ལམ་དང་མཉམ་ལས་རྩ་དོན་འཐབ་རྩོད་སོགས་ལ་འགོག་རྐྱེན་དུ་འགྱུར་གཞི་ཡིན་པས། འབྱུང་འགྱུར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་ནས་གྲོས་ཆོད་དེ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ།
༩ རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པའི་ཐོག་གསར་དུ་བཙུགས་པའི་རྒྱལ་སྤྱིའི་བོད་རང་བཙན་ལསའགུལ་འབྲེལ་མཐུད་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དང་སྒྲོམ་གཞི་གསར་བཟོ་གཏན་འབེབ་སླད་ཚོགས་ཐོག་ཏུ་མི་སྣ་དགུ་ལས་གྲུབ་པའི་ཚོགས་ཆུང་གཏན་འཁེལ་བྱུང་པའི་གྲོས་ཆོད་དུ།
ཅེས་འཁོད་འདུག གཞན་ཡང་ཚོགས་ཆེན་དབུ་འཛུགས་ཐོག་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུས། ཚོགས་འདུ་ཞིག་འཚོགས་ཏེ་པར་འདྲ་བརྒྱབས་ནས་ལོག་སོང་ན་ཡོང་གི་མ་རེད། ལས་གཞིའི་ནང་རང་བཙན་ཚོགས་པ་ཞིག་གསར་འཛུགས་ཀྱི་འཆར་གཞི་ཡོད་པ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ། རང་བཙན་གྱི་ཚོགས་པ་གཟུགས་ཡས་དང་ཕྱག་ལས་གནང་མཁན། དེའི་ཐོག་མང་པོ་ཞིག་དགོངས་པ་བཞེས་མཁན་༧གོང་ས་མཆོག་གི་སྐུ་མཆེད་སྟག་འཚེར་རིན་པོ་ཆེ་ཡིན་པ། ཁོང་རྣམ་པས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་གསར་འཛུགས་དང་དེའི་ཐད་ཕྱག་ལས་གནང་ཚུལ། ༧གོང་ས་མཆོག་གིས་ཁོང་ལ་དམིགས་བསལ་མཇལ་ཁ་གནང་སྐབས། ཁྱེད་རང་ཚོ་རང་བཙན་རྩོད་མཁན་རེད། རང་བཙན་གྱི་ཁུངས་སྐྱེལ་དེ་འཛམ་བུ་གླིང་ལ་བྱེད་ཐུབ་པ་གནད་འགག་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་ཚུལ། དེ་བཞིན་རང་བཙན་ཕྱག་ལས་གནང་མཁན་རྣམས་ལ་བཀའ་ལས་ཆེན་པོ་ཡོད་པ་དང་། དེ་དག་ལ་གདོང་ལེན་གནང་རྒྱུ་གཙོ་བོ་བློ་ཁོག་དགོས་པ། མིས་ག་རེ་ལབ་ཀྱང་སྙུག་བསྲིངས་ནས་ཕྱག་ལས་གནང་ཐུབ་དགོས་པ། ལས་ཀ་དེ་ཚོ་སེམས་ཤུགས་དང་སྐད་བརྒྱབས་པ་ཙམ་གྱིས་མི་ཕན་པར། རིགས་པ་གཏོང་བ་དང་བློས་བཏང་གནང་སྟེ་ཕྱག་ལས་གནང་ན་རོགས་པ་བྱེད་མཁན་ཡང་རག་ཡོང་བ། རྒྱལ་སྤྱིའི་འགྱུར་འགྲོས་སོགས་ཀྱིས་ཕྱག་ལས་འདི་ལྟར་གནང་བའི་དུས་ཚོད་སྨིན་ཡོད་པ། དེ་བཞིན་ཚོགས་པ་འཛུགས་རྒྱུའི་བཀའ་མོལ་ཞིག་ཡོད་པས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ད་ནས་བཟུང་སྟེ་ཚོགས་འདུ་འདིའི་ཐོག་ཕར་འབུལ་རྒྱུ་ཡིན་པ། ཚོགས་པ་དེ་ཡག་པོ་ཞིག་བཙུགས་ན་མི་མང་པོ་མཉམ་ཞུགས་བྱེད་མཁན་ཡོང་བ་དང་། རྗེས་སུ་དབུ་མའི་ལམ་དང་རང་བཙན་རྩོད་མཁན་མཉམ་རུབ་ཐོག་ནས་ཕྱག་ལས་གནང་རྒྱུ་ཞིག་བརྒྱ་ཆ་བརྒྱ་ཡོང་བའི་སྐོར་སོགས་བཀའ་སློབ་གནང་སོང་།
དེ་བཞིན་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ནས། བོད་གཞུང་དང་དབུ་ཁྲིད། མི་སྒེར་རེ་རེའི་འཐབ་རྩོད་ཀྱི་ལོ་རྒྱུས་ནང་མར་བལྟས་ན། དང་པོ་ང་ཚོའི་གོམ་པ་རེ་རེ་རང་བཙན་གྱི་གོམ་པ་ཡིན་པ། བར་སྐབས་ང་ཚོའི་འཐབ་རྩོད་ལ་ཉམས་ཆག་ཕྱིན་ནས་ཁོག་པའི་ནང་དུ་རང་བཙན་གྱི་མེ་འབར་བཞིན་ཡོད་ནའང་། ཁ་དང་སྣ་ནས་རང་བཙན་གྱི་དུ་བ་དོན་མི་ཐུབ་པའི་དེ་འདྲའི་དུས་ཚོད་སྐྱོ་བོ་ཞིག་ལ་སླེབས་ཡོད་པ། ང་ཚོའི་མི་མང་དང་དབུ་ཁྲིད་ཚོས་རྡོག་རྩ་གཅིག་སྒྲིལ་དགོས་གསུང་གི་ཡོད་པ་བཞིན། དངོས་གནས་ཀྱི་རྡོག་རྩ་གཅིག་སྒྲིལ་ཞིག་དགོས་ན། བོད་གཞུང་གི་ལངས་ཕྱོགས་དེ་བསྐྱར་དུ་རང་བཙན་ལ་ཕེབས་རྒྱུར་ཁ་ཚ་དགོས་གཏུག་ཆགས་ཡོད་པ། བོད་པའི་ཕྲུ་གུ་ཞིག་གིས་བོད་སྐད་རྒྱག་ཤེས་འདུག་ཅེས་ཧ་ལས་དགོས་པའི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་དབུ་ཁྲིད་ཚོ་གཙོས་པའི་ཚང་མས་ཤེས་དགོས་པ། ད་ལྟའི་ཆར་རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ནས་གྲོས་ཁ་བསྡུར་རྒྱུ་གལ་ཆེ་བ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་གོད་ཆག་ཁྲོད་ནས་རླབས་ཆེན་གྱི་མི་སྣ་མང་པོས་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་བྱས་པའི་ལོ་རྒྱུས་དང་སྦྲགས། ད་ལྟའང་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྱུར་བ་ཞིག་འགྲོ་བཞིན་པ་དང་། ང་ཚོས་ལོ་བཅུ་ཕྲག་གོང་ནས་རྒྱ་གར་འགྱུར་བ་འགྲོ་གི་ཡོད་པ། རྒྱ་ནག་མང་གཙོ་ཆགས་ཀྱི་རེད་ཅེས་ལབ་ཀྱི་ཡོད་པ་བཞིན་ལོ་ལྔའི་ནང་དུ་འགྱུར་བ་སོང་ན་དེ་འདྲའི་གོ་སྐབས་དེ་ང་ཚོས་གང་འདྲ་བྱས་ནས་འཇུ་ཐུབ་མིན་སོགས་ཀྱི་སྐོར་གསུང་བཤད་གནང་སོང་།
གཞན་ཡང་བོད་མི་མང་གི་སྤྱི་འཐུས་རྣམ་པ་གཙོས་པའི་གནད་ཡོད་མི་སྣ་ཚོས་གསུང་བཤད་དང་མི་མང་གི་དྲི་བར་ལན་འདེབས་སོགས་གནང་འདུག་པ་དང་། ལོ་རྗེས་མའི་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་དེ་ཨོ་སི་ཁྲུ་ལི་ཡར་འཚོག་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།