རྒྱལ་སྤྱིའི་བོད་རིག་པའི་ལོ་རྒྱུས་པར་སྐྲུན་བྱེད་འཆར།
ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་ཡིག་ཐོག་བརྩམས་པའི་<<རྒྱལ་སྤྱིའི་བོད་རིག་པའི་ལོ་རྒྱུས་>>ཞེས་པའི་དཔེ་དེབ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཆབ་སྲིད་མཚན་ཉིད་ཤེས་རིག་དཔེ་སྐྲུན་ཁང་གིས་འདི་ལོའི་ཕྱི་ཟླ་༥ པར་སྐྲུན་འགྲེམས་སྤེལ་བྱེད་འཆར་ཡོད་པ་རེད།
ལྷ་སྡེ་གནམ་ལོ་ཡག་གིས་རྒྱ་ཡིག་ཐོག་བརྩམས་པའི་<<རྒྱལ་སྤྱིའི་བོད་རིག་པའི་ལོ་རྒྱུས་>>ཞེས་པའི་དཔེ་དེབ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཆབ་སྲིད་མཚན་ཉིད་ཤེས་རིག་དཔེ་སྐྲུན་ཁང་གིས་འདི་ལོའི་ཕྱི་ཟླ་༥ པར་སྐྲུན་འགྲེམས་སྤེལ་བྱེད་འཆར་ཡོད་པ་རེད།
དེ་ཡང་དེབ་དེའི་སྐོར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཆབ་སྲིད་མཚན་ཉིད་ཤེས་རིག་དཔེ་བསྐྲུན་ཁང་གིས་དེབ་གསར་(ཟླ༥)་གནས་འཕྲིན་ཞེས་པ་ཕྱིར་བསྒྲགས་བྱས་པའི་ནང་འཁོད་དོན། “བཙན་བྱོལ་བ་ལྷ་སྡེ་གནམ་ལོ་ཡག་གིས་རྒྱལ་སྤྱིའི་བོད་རིག་པའི་འཕེལ་རིམ་ལ་དོ་ཁུར་ནན་ཏན་བྱེད་བཞིན་པར་མ་ཟད། ཁོས་བོད་ཀྱི་ཤེས་རིག་ལ་བཙན་བྱོལ་ཁྲོད་དུའང་དེང་རབས་ཤེས་རིག་གི་འཕེལ་ཤུགས་ལ་འགྲོགས་ནས་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ཇེ་ཕྱུག་ཏུ་གཏོང་བའི་གྲུབ་ཆར་འགྱུར་ན་ཅི་མ་རུང་བསམ་བཞིན་འདུག ཁོ་བོས་བོད་ཀྱི་ཤེས་རིག་ལོ་རྒྱུས་འབྲི་རྩོམ་གྱི་རྨང་གདན་དུ་རྒྱལ་སྤྱིའི་སྟེང་བོད་རིག་པའི་ཞིབ་འཇུག་གི་གྲུབ་དོན་བཟུང་ཡོད་ཅིང་། དེ་ནི་ཁོ་བོས་འབད་འབུངས་བྱེད་བཞིན་པའི་ཁ་ཕྱོགས་རེད་ལ། ཐོལ་བརྒལ་བྱེད་ཡུལ་གྱི་དམིགས་འབེན་ཡང་རེད། རྒྱལ་ཁབ་ཁག་གི་བོད་རིག་པའི་གྲུབ་དོན་གྱི་དཔྱད་ཡིག་ཕྱོགས་བསྡུས་དང་བཅར་འདྲི། གཤིབས་བསྡུར་བཅས་བརྒྱུད་ནས་དེབ་འདི་གྲུབ་ཡོད། དེབ་འདིས་དེང་གི་བར་དུ་རྒྱལ་སྤྱིའི་སྟེང་གི་བོད་རིག་པའི་ཞིབ་འཇུག་གི་གྲུབ་དོན་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་བློ་སྒོ་འབྱེད་བྱེད་རང་བཞིན་ལྡན་པའི་རྒྱང་ལྟ་བྱས་ཡོད། དེབ་འདི་བརྒྱུད་ནས་རང་དབང་ལུང་བའི་བོད་རིག་པའི་ཞིབ་འཇུག་དང་ཀྲུང་གུང་སྲིད་གཞུང་གིས་གླས་པའི་མཁས་པ་ཚོས་བོད་རིག་པ་རྫུན་བཟོ་བྱེད་བཞིན་པའི་ས་མཚམས་འབྱེད་ཡོད་པས། དེང་རབས་བོད་རིག་པར་གོ་བ་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད་”ཅེས་འཁོད་ཡོད་པ་རེད།
དེ་བཞིན་རྩོམ་པ་པོའི་ལོ་རྒྱུས་སྐོར་འཁོད་དོན། “ལྷ་སྡེ་གནམ་ལོ་ཡག སྨྱུག་མིང་ལྡོང་སྲས། བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་བོད་རིག་པའི་ཞིབ་འཇུག་པ་ཞིག་དང་། སྐྱེ་ཡུལ་མདོ་སྨད་ཧང་ངེ་ལྷ་སྡེ་ཡིན། དེང་གི་བར་ཁོ་བོས་བསྒྱུར་རྩོམ་འདུ་བའི་དཔེ་དེབ་དགུ་བརྩམས་ཡོད་ཅིང་། དེའི་ཁྲོད་བོད་ཡིག་གསུམ་དང་རྒྱ་ཡིག་དྲུག་འདུག་”ཅེས་འཁོད་ཡོད་པ་རེད།
དེབ་དེར་ཡིག་འབྲུ་ཆིག་འབུམ་དྲུག་ཁྲི་ལྷག་ཡོད་པ་དང་། འདིའི་ནང་དུ་ཕ་སའི་བོད་རིག་པའི་སྤྱི་ཁོག ཨེ་ཤ་ཡ་ཤར་མ་དང་ལྷོ་མའི་བོད་རིག་པ། དེ་ག་ནང་བཞིན་ཡུ་རོབ། ཨ་རི་ལྷོ་བྱང་། ཨ་ཧུ་རི་ཀ རྒྱ་མཚོ་ཆེན་པོའི་གླིང་བཅས་ཀྱི་བོད་རིག་པའི་བྱུང་འཕེལ་ངོ་སྤྲོད་བྱས་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།