རྒྱལ་སྤྱིའི་འགོ་ཁྲིད་ཚོས་ཨབ་གྷན་ལ་རོགས་དངུལ་སྤྲོད་རྒྱུ་མོས་མཐུན་བྱས་འདུག 

རྒྱལ་སྤྱིའི་ནང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་ཀྱིས། ཏ་ལི་བྷན་སྲིད་གཞུང་དེ་ངོས་ལེན་མི་བྱེད་པའི་ཐོག་ནས། ཨབ་གྷན་ནང་གི་དཔལ་འབྱོར་དཀའ་ངལ་དེ་སེལ་ཐབས་སུ་རོགས་དངུལ་སྤྲོད་རྒྱུ་མོས་མཐུན་བྱས་འདུག 

ཟླ་༡༠ པའི་ཚེས་༡༢ ཉིན་ཨི་ཊ་ལིའི་སྲིད་བློན་གྱིས་ཨབ་གྷན་གྱི་དཔལ་འབྱོར་གནས་སྟངས་ཛ་དྲག་ཡིན་པ་དེར་རོགས་རམ་བྱེད་ཐབས་སུ། རྒྱལ་སྤྱིའི་ནང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་༢༠ (G20)ཡི་འགོ་ཁྲིད་རྣམས་ཀྱི་ལྷན་ཚོགས་ཤིག་དྲ་ཐོག་ནས་གོ་སྒྲིག་བྱས་འདུག་པ་དང་། ལྷན་ཚོགས་སུ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་དང་རྒྱ་གར་གྱི་སྲིད་བློན་མཱོ་རྡི། འཇར་མན་གྱི་སྲིད་བློན་ལྕམ་མཱེར་ཁེལ། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་སོགས་ནས་མཉམ་ཞུགས་བྱས་འདུག་ཀྱང་། རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱིས་དངོས་སུ་མཉམ་ཞུགས་མ་བྱས་པར་སྐུ་ཚབ་བཏང་ཡོད་པ་རེད་འདུག 

དེ་ཡང་ད་ལྟའི་ཆར་ཨབ་གྷ་ནི་སེ་ཐན་ནང་དུ་དཔལ་འབྱོར་གྱི་གནས་སྟངས་ཛ་དྲག་ཆགས་ཡོད་པས། མི་མང་རྣམས་ལ་ཉིན་རེའི་ཟས་རིགས་ཉོ་མི་ཐུབ་པ་དང་། ལས་ཀ་མེད་པ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཁར། ཨབ་གྷན་གྱི་སྲིད་གཞུང་དེ་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོད་བྱས་རྗེས་རྒྱལ་སྤྱིའི་ནང་དུ་ཡོད་པའི་ཨབ་གྷན་གཞུང་གི་དཔལ་འབྱོར་རྣམས་བེད་སྤྱོད་གཏོང་རྒྱུ་མེད་པའི་བཀག་རྒྱ་འོག་བཞག་ཡོད་པ་རེད་འདུག 

ཡུ་རོབ་མཐུན་ཚོགས་ཀྱིས་ཨབ་གྷན་དང་དེ་བཞིན་ཨབ་གྷན་མི་མང་སྐྱབས་བཅོལ་དུ་འགྲོ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་རོགས་སྐྱོར་བྱེད་ཆེད་དུ། ཨ་སྒོར་ཐེར་འབུམ་༡.༢ སྤྲོད་རྒྱུ་ཁས་ལེན་བྱས་ཏེ། དངུལ་དེ་དག་ཨབ་གྷན་ནང་དུ་ཡོད་པའི་རྒྱལ་སྤྱིའི་རང་དབང་ལྡན་པའི་རོགས་ཚོགས་བརྒྱུད་ནས་གཏོང་རྒྱུ་ཡིན་པ་ལས། ཏ་ལི་བྷན་བརྒྱུད་ནས་གཏོང་རྒྱུ་མིན་སྐོར་བརྗོད་འདུག སྟོབས་ཆེན་རྒྱལ་ཁབ་༢༠ ཡི་རོགས་དངུལ་ཕལ་ཆེ་བ་རྣམས་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་འགྲོ་སོང་གཏོང་རྒྱུ་ཡིན་པ་རེད་འདུག་ཀྱང་། རོགས་དངུལ་ཁ་ཤས་ཐད་ཀར་གཏོང་འཆར་ཡོད་པ་རེད་འདུག 

ཨི་ཊ་ལིའི་སྲིད་བློན་ཌེར་གྷི་ཡིས་ཏ་ལི་བྷན་དང་འབྲེལ་བ་མི་བྱེད་པར་ཨབ་གྷན་མི་མང་ལ་རོགས་པ་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། གལ་ཏེ་ཏ་ལི་བྷན་གྱིས་རོགས་པ་བྱེད་མཁན་རྣམས་ཨབ་གྷན་ནང་དུ་འགྲོ་སྐྱོད་བྱེད་དུ་མ་འཇུག་ཚེ་འགྲོ་ཐབས་བྲལ་བ་ཡིན་པ། འོན་ཀྱང་ཏ་ལི་བྷན་སྲིད་གཞུང་དང་འབྲེལ་བ་བྱས་པ་ཙམ་གྱིས་ཁོ་ཚོའི་སྲིད་གཞུང་དེ་ངོས་ལེན་བྱེད་ཀྱི་ཡོད་པའི་དོན་མིན་པ། ངོས་ལེན་བྱེད་མིན་དེ་ཏ་ལི་བྷན་གྱི་ཚིག་ལ་མིན་པར་བྱ་སྤྱོད་པ་བལྟས་ནས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག 

ལྷན་ཚོགས་ཀྱི་རྗེས་སུ་འགོ་ཁྲིད་ཚོས་མཉམ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཏ་ལི་བྷན་གྱིས་ཨབ་གྷན་ནང་དུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་དགོས་པ་དང་། མ་འོངས་པའི་རོགས་དངུལ་རྣམས་བུད་མེད་ཐོག་དམིགས་དགོས་པ། རྒྱལ་ཁབ་གཞན་ལ་འགྲོ་འདོད་ཡོད་པའི་ཨབ་གྷན་མི་སེར་རྣམས་བདེ་འཇགས་ངང་འགྲོ་རུ་འཇུག་དགོས་སྐོར་བརྗོད་འདུག 

ལྷན་ཚོགས་ཀྱི་སྔོན་ལ་རྒྱ་ནག་གིས་ཨབ་གྷན་གྱི་ཏ་ལི་བྷན་གཞུང་ལ་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་བཏང་ཡོད་པ་རྣམས་ཕྱིར་འཐེན་བྱེད་དགོས་པ་དང་། རྒྱལ་སྤྱིའི་ནང་ཨབ་གྷན་གཞུང་གི་དངུལ་སོགས་ཨ་སྒོར་ཐེར་འབུམ་མང་པོ་ཡོད་རྣམས་བཀག་རྒྱ་འོག་ཏུ་མུ་མཐུད་མི་འཇོག་པར། ཨབ་གྷན་དུ་ཕྱིར་སློག་བྱེད་དགོས་སྐོར་བརྗོད་འདུག འོན་ཀྱང་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དེའི་སྐོར་གང་ཡང་བཀོད་མེད་འདུག 

ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཨབ་གྷ་ནི་སེ་ཐན་ནས་ཕྱིར་འཐེན་དང་། རྒྱལ་ཁབ་དེའི་སྲིད་དབང་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་འཕྲོག་བྱས་པའི་རྗེས་སུ། ཏ་ལི་བྷན་གྱིས་རྒྱ་ནག་ནི་ཁོ་ཚོའི་མཐུན་གྲོགས་གཙོ་བོ་དེ་ཡིན་སྐོར་བརྗོད་ཡོད་པ་རེད་ལ། རྒྱ་ནག་གིས་ཨབ་གྷ་ནི་སེ་ཐན་ལ་ཟས་རིགས་དང་དགུན་ཁའི་མཁོ་ཆས། སྔོན་འགོག་སྨན་ཁབ། སྨན་སོགས་ཀྱི་འགྲོ་གྲོན་འབོར་ཨ་སྒོར་ས་ཡ་༣༡ ལྷག་གི་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྔོན་འགོག་སྨན་ཁབ་རོགས་སྐྱོར་གྱི་རིམ་པ་དང་པོའི་ནང་དུ་སྨན་ཁབ་ས་ཡ་༣ སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།