རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་ཞིག་གི་འགན་འཛིན་ཧོང་ཀོང་ནས་ཕྱིར་སློག་བཏང་འདུག  

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་(Human Rights Watch)ཡི་འགན་འཛིན་ཧོང་ཀོང་ལ་འགྲོ་མ་བཅུག་པར་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་འདུག 

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་(Human Rights Watch)ཡི་འགན་འཛིན་ཧོང་ཀོང་ལ་འགྲོ་མ་བཅུག་པར་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་འདུག 

ཕྱི་ཟླ་༡ ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཉི་མའི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པའི་འགན་འཛིན་ཁེན་ན་ཐི-རོ་ཐི་(Kenneth Roth) འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཆེད་དུ་ཧོང་ཀོང་ལ་སྐྱོད་སྐབས། ཧོང་ཀོང་གི་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་སློག་བཏང་བ་དང་། ཧོང་ཀོང་གི་གཞུང་འཛིན་མི་སྣ་ཚོས་ཁོང་དེ་ལྟར་ཕྱིར་སློག་གཏོང་དགོས་པའི་རྒྱུ་མཚན་ཁ་གསལ་གང་ཡང་སྤྲད་མི་འདུག 

དེ་ཡང་ཐོག་མའི་འཆར་གཞི་ལྟར་ན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དེས་ཟླ་འདིའི་ཚེས་༡༤ ཉིན་ཧོང་ཀོང་དུ་གསར་འགོད་གསལ་བསྒྲགས་ཀྱི་ཚོགས་འདུ་ཞིག་བསྐོངས་ཏེ། ཤོག་གྲངས་༦༥༢ ལྡན་པའི་སྙན་ཐོ་ཞིག་འདོན་རྒྱུ་ཡིན་འདུག་པ་དང་། སྙན་ཐོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་༡༠༠ མ་ཟིན་ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉམས་ཞིབ་བྱས་པའི་སྐོར་ཡོད་པ་མ་ཟད། སྙན་ཐོ་དེའི་རྩོམ་ཡིག་གཙོ་བོའི་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ལ་ཚད་ལས་འདས་པའི་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་འཁོད་ཡོད་འདུག ད་ལྟ་ཚོགས་འདུ་དེ་ཧོང་ཀོང་དུ་འཚོགས་ཐབས་བྲལ་བས། ཟླ་འདིའི་ཚེས་༡༤ ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཁབ་ཏུ་འཚོགས་གཏན་འཁེལ་ཡོད་འདུག 

འགན་འཛིན་ཁོང་ཧོང་ཀོང་དུ་འགྲོ་རུ་མ་བཅུག་པའི་སྐོར་ལ། ཁོང་གིས་“ངས་པེ་ཅིང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་གསལ་སྟོན་བྱེད་རྒྱུའི་རེ་བ་བརྒྱབས་པ་ཡིན། ང་རང་ཧོང་ཀོང་དུ་འགྲོ་རུ་མ་བཅུག་པ་དེས་དཀའ་ངལ་དེ་གསལ་པོ་གསལ་རྐྱང་མཚོན་གྱི་ཡོད་”ཅེས་སྨྲས་ཡོད་འདུག 

སྔོན་ཆད་འགན་འཛིན་ཁོང་ཧོང་ཀོང་དུ་ཐེངས་མང་འགྲོ་མྱོང་བ་མ་ཟད། ཕྱི་ལོ་༢༠༡༨ ཟླ་༤ ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པས་རྒྱ་ནག་གི་ལས་ཀའི་ཁྲོད་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་སྙན་ཐོ་ཡང་ཧོང་ཀོང་ནས་བཏོན་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༢ ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་དང་། ཨ་རིར་རྟེན་གཞི་བྱས་པའི་ཚོགས་པ་གཞན་འགའ་ལ་ཁ་གསལ་མེད་འི་ཉེས་ཆད་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག 

ད་ཐེངས་རྒྱ་ནག་གིས་དངོས་སུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཚོགས་པ་ཆེ་ཤོས་དེའི་འགན་འཛིན་ཕྱིར་སློག་བཏང་རྗེས། ཁོང་གིས་དེའི་སྐོར་ལ་བརྗོད་དོན། “རྒྱ་ནག་གི་ལས་འགུལ་ཚོས་སོ་སོའི་སྤུན་ཟླ་མི་སེར་རྣམས་ལ་གཞི་རྩའི་ཐོབ་ཐང་ཡོང་ཐབས་བྱེད་པ་ཙམ་གྱིས་རྒྱུན་པར་བཙོན་འཇུག་དང་། མནར་གཅོད། གར་སོང་ཆ་མེད་སོགས་མྱོང་བཞིན་པ་དང་བསྡུར་ན། ང་རང་ཕྱིར་སློག་བཏང་བ་དེ་གང་ཡང་མ་རེད། ཡིན་ན་ཡང་། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་ཚོགས་པ་ལྟ་བུའི་རྒྱལ་སྤྱིའི་ཚོགས་པ་རྣམས་ཀྱི་ལས་དོན་ལ་ཐེ་བྱུས་བྱེད་པའི་འབད་བརྩོན་བྱེད་པ་དེ་ནི། གོ་ལ་ཡོངས་ལ་ཞིབ་བཤེར་སྟངས་འཛིན་(Censorship) བྱེད་བཞིན་པའི་རྣམ་པ་ཞིག་ཡིན་སྟབས། འཕྱི་མ་དྲགས་གོང་ནས་འཛམ་གླིང་གི་སྲིད་གཞུང་ཚོས་རྒོལ་ལན་སློག་དགོས།”

གསརའགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།