རྒྱུད་སྟོད་གྲྭ་ཚང་ཕྱག་འདེབས་མཁན་༧རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་རྗེས་དྲན་མཛད་སྒོ།
༧རྗེ་བཙུན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་ངོ་༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ་སྔགས་ཀྱི་མཁས་པའི་བགྲོ་གླེང་དང་། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་མཛད་སྒོའི་ཐོག ༧མགོན་པོ་གང་ཉིད་ཀྱིས་ཁོང་དགུང་ལོ་བརྒྱ་དང་བཅུ་ཕྲག་བཞུགས་པའི་ཞལ་བཞེས་གནང་བ་མ་ཟད། ད་ལྟའི་དུས་རབས་དཀའ་ངལ་ཅན་འདིར་སྐྱེས་པའི་བོད་མི་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་བར་རྗེས་སུ་འཛིན་རྒྱུ་གཏན་ཁེལ་ཡིན་སྐོར་གསུངས་སོང་།
༧རྗེ་བཙུན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་ངོ་༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ་སྔགས་ཀྱི་མཁས་པའི་བགྲོ་གླེང་དང་། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་མཛད་སྒོའི་ཐོག ༧མགོན་པོ་གང་ཉིད་ཀྱིས་ཁོང་དགུང་ལོ་བརྒྱ་དང་བཅུ་ཕྲག་བཞུགས་པའི་ཞལ་བཞེས་གནང་བ་མ་ཟད། ད་ལྟའི་དུས་རབས་དཀའ་ངལ་ཅན་འདིར་སྐྱེས་པའི་བོད་མི་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་བར་རྗེས་སུ་འཛིན་རྒྱུ་གཏན་ཁེལ་ཡིན་སྐོར་གསུངས་སོང་།
ཕྱི་ཟླ་༡༡ ཚེས་༢ ཉིན་དྷ་རམ་ས་ལའི་ཉེ་འཁོར་དུ་ཆགས་པའི་རྒྱུད་སྟོད་དགོན་དུ་དགོན་པ་དེ་ཉིན་ཕྱག་འདེབས་མཁན་༧རྗེ་བཙུན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ་སྔགས་ཀྱི་མཁས་པའི་བགྲོ་གླེང་དང་། ༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་འཚོགས་པའི་ཐོག དགའ་ལྡན་ཁྲི་རིན་པོ་ཆེ་དང་། སི་ཏི་རིན་པོ་ཆེས་དབུས་པའི་བླ་ཆེན་རྣམ་པ་དང་དགེ་འདུན་པའི་སྡེ་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་པའི་གནད་ཡོད་མི་སྣ། ས་གནས་ཀྱི་མང་ཚོགས་བཅས་འཛོམས་འདུག
རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་ཐུབ་བསྟན་བསྟན་འཛིན་གྱིས་རྗེས་དྲན་ངོ་སྤྲོད་ཀྱི་གསུང་བཤད་ནང་། འདི་ལོ་ནི་༧རྒྱལ་བ་ཙོང་ཁ་བ་ཆེན་པོ་སྐུ་གཤེགས་པ་དང་། ༧རྗེ་བླ་མས་སེ་ར་ལ་རྒྱུད་ཆེན་ཤེས་རབ་སེང་གེར་གསང་སྔགས་ཀྱི་བསྟན་པའི་མངའ་གསོལ་མཛད་པ། དེ་བཞིན་༧རྗེ་བཙུན་ཀུན་དགའ་དོན་གྲུབ་སྐུ་འཁྲུངས་ནས་ལོ་ངོ་༦༠༠ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་ཡིན་སྐོར་གསུངས་པའི་ཐོག རྒྱུད་སྟོད་གྲྭ་ཚང་ཕྱག་འདེབས་མཁན་༧རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་སྐུ་ཚེའི་ལོ་རྒྱུས་དང་། བྱེས་ཀྱི་རྒྱུད་སྟོད་གྲྭ་ཚང་གི་བྱུང་རིམ་དང་ལས་གཞི་རྣམས་ངོ་སྤྲོད་གནང་སོང་།
མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། ཁྱེད་རང་ཚོས་བརྟན་བཞུགས་གནང་གི་ཡོད་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཚེ་རིང་པོ་ཞིག་བྱུང་ན་ཟེར་ནས་སྨོན་ལམ་རྒྱག་གི་ཡོད་རེད། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཞེ་དྲག་སེམས་ཤུགས་བྱས་ནས་དད་པ་དང་ཞེན་ཁོག་ཧ་ལས་པ་ཞིག་འདུག འཛམ་བུ་གླིང་འདིའི་སྒང་ལ་ཡིན་ནའང་ང་ལ་དགའ་པོ་བྱེད་མཁན་ཞེ་དྲག་མང་པོ་རེད། ངས་སྨོན་ལམ་འདི་རྒྱག་གི་ཡོད་དེ། “ས་སོགས་འབྱུང་བ་ཆེན་པོ་དང་།། ནམ་ཁའ་བཞིན་དུ་རྟག་པར་ཡང་།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག།” སྤྱོད་འཇུག་ནང་གསུངས་པ་ནང་བཞིན་རྟག་པར་སྨོན་ལམ་རྒྱག་གི་ཡོད། དེར་བརྟེན་གང་ལ་གང་འཚམ་ཕན་ཐོགས་ཡོང་ཐུབ་པ་ཞིག་དངོས་སུ་མིག་མཐོང་ལག་ཟིན་འདུག དེ་འདྲ་ཡིན་དུས་གང་ལྟར་“ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་བ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག”ཟེར་ནས་ནམ་མཁའ་མ་ཟད་བར་དུ་གཞན་དོན་སྒྲུབ་པའི་སེམས་སྐྱེད་ཀྱི་ཡོད་རེད། ཉིན་ལྟར་བཞིན་སེམས་སྐྱེད་ཀྱི་ཡོད། ད་ལྟའི་མི་ཚེ་འདིར་ཁ་ཡོད་ལག་ཡོད་ཀྱིས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བསྡད་པ་ཞིག་ཆགས་ཀྱི་ཡོད་དུས། མ་འོངས་པར་ཡོང་བའི་སྨོན་ལམ་རྒྱག་པ་ཙམ་མ་ཡིན་པར་ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་བོད་མི་གཙོ་བོར་གྱུར་བའི་འཛམ་བུ་གླིང་འདིའི་སྒང་གི་མི་མང་པོ་ཞིག་གིས་ང་ལ་བློ་གཏད་དེ་དགའ་པོ་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས། ཇི་ཙམ་ཚེ་རིང་དུ་གནས་པ་དེའི་ཚོད་ཀྱིས་གཞན་ཕན་གྱི་བྱ་བ་སྒྲུབ་ཐུབ་པ་རེད། དེ་འདྲ་ཡིན་དུས་སྙིང་སྟོབས་བསྐྱེད་ནས་སྡོད་ཀྱི་ཡོད། ལོ་བརྒྱ་དང་བཅུ་གྲངས་ཤིག་ཕལ་ཆེར་བསྡད་ཐུབ་པ་ཞིག་རེད། དཔལ་ལྡན་ལྷ་མོ་ལུང་བསྟན་ཞིག་སྔོན་བཤད་བསྡད་ཀྱི་ཡོད་བ། ལོ་བརྒྱ་དང་བཅུ་གྲངས་ཤིག་ཕལ་ཆེར་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ལ། སྙིང་སྟོབས་བསྐྱེད་སྡོད་ཀྱི་ཡོད། ཕལ་ཆེར་ཚེ་རིང་པོ་གནས་ཀྱི་རེད།”
ཁོང་དང་དད་ལྡན་བོད་མི་རྣམས་ཀྱི་འབྲེལ་བའི་སྐོར་གསུངས་པ་དང་། “ང་རང་ཚོ་མི་ཚེ་གཅིག་གི་ནང་ལ་འབྲེལ་བ་བྱུང་བསྡད་པ་དེ། ཚེ་རབས་ནས་ཚེ་རབས་བར་འབྲེལ་བ་ཡོང་བསྡད་པ་ཞིག་རེད། དེ་སྔའི་ལོ་རྒྱུས་དེ་འདྲར་བལྟས་པ་ཡིན་ན་ཤེས་ཀྱི་རེད། གང་ལྟར་གལ་ཆེ་ཤོས་ངས་ནམ་རྒྱུན་ཚང་མ་ལ་བཤད་ཀྱི་ཡོད། ད་ལྟའི་དུས་རབས་འདིར་སྐྱེས་པའི་བོད་མི་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འཛིན་གྱི་རེད། དེར་ང་ལ་རྒྱུ་མཚན་ཡོད། ང་དབང་རྣོན་ཆོས་ཀྱི་རྗེས་འབྲང་རེད་མ་གཏོགས། དབང་རྟུལ་དད་པའི་རྗེས་འབྲང་མ་རེད་ད། རྒྱུ་མཚན་བསམ་བློ་བཏང་ནས། ང་རང་ཚོ་ཚང་མས“སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིག”ཅེས་སྨོན་ལམ་རྒྱག་པ་ནང་བཞིན། ད་ལྟའི་དུས་རབས་ཁག་པོ་འདིའི་ཁ་ཐུག་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་གི་གནས་འདིའི་བསྟན་པ་དང་འགྲོ་བའི་དོན་ལ་སྨོན་ལམ་ཚུན་ཆད་བརྒྱབས་ནས་འདུག་མཁན་དེ་དག་ཚེ་རབས་ནས་ཚེ་རབས་བར་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་ཞིག་ཏན་ཏན་ཡོང་གི་རེད། ཤེས་སོང་ངམ།”
གསར་འགོད་པ་དཀོན་མཆོག་རབ་བརྟན།