རྗོ་བྷའེ་ཌན་དང་ཞི་ཅིན་ཕིང་གཉིས་ཐའེ་ཝན་ཐོག་སྐད་ཆ་བཤད་ཡོད་འདུག
ཉེ་ཆར་རྒྱ་ནག་དམར་ཤོག་གཞུང་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་ད་བར་བཏང་མྱོང་མེད་པའི་དམག་གི་གནམ་གྲུ་མང་པོ་ཞིག་བཏང་རྗེས། གནས་སྟངས་ཛ་དྲག་གི་རྣམ་པ་ཐོན་ཡོད་པས། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་གནད་དོན་དེའི་ཐོག་སྐད་ཆ་བཤད་ཡོད་པ་རེད་འདུག
ཟླ་༡༠ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༥ ཉིན་གསར་འགོད་པ་ཞིག་གིས་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་ལ་རྒྱ་ནག་གིས་ཐའེ་ཝན་ལ་འཁྲུག་སློང་གི་བྱ་སྤྱོད་སྤེལ་བའི་སྐོར་དྲིས་སྐབས། ལན་དུ་སྲིད་འཛིན་ཁོང་གིས་གནད་དོན་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྐད་ཆ་བཤད་ཡོད་པ་དང་། ཁོ་གཉིས་ཀྱིས་ཐའེ་ཝན་གྲོས་མཐུན་ལ་བརྩི་སྲུང་བྱེད་རྒྱུ་མོས་མཐུན་བྱས་ཡོད་པ། ཨ་རིས་རྒྱ་ནག་ལ་གྲོས་མཐུན་དེར་བརྩི་སྲུང་བྱེད་དགོས་པ་གསལ་པོ་བཟོས་ཡོད་སྐོར་བརྗོད་འདུག
བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་གྲོས་མཐུན་ཞེས་པ་དེ་ནི་ཨ་རིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་ངོས་ལེན་བྱེད་དགོས་ཀྱི་ཡོད་ནའང་། ཐའེ་ཝན་དང་གཞུང་འབྲེལ་མིན་པའི་འབྲེལ་ལམ་ཉར་ཆོག་གི་ཡོད་པ་རེད་འདུག དེ་བཞིན་ཨ་རིས་ཐའེ་ཝན་དང་འབྲེལ་ལམ་གྱི་ཁྲིམས་ཞེས་པ་དང་བསྟུན་ནས། ཐའེ་ཝན་ལ་རང་སྲུང་ཆེད་དུ་མཚོན་ཆ་བཙོང་བ་སོགས་ཀྱི་ལས་དོན་བྱེད་ཆོག་གི་ཡོད་འདུག
ཚེས་༤ ཉིན་ཐའེ་ཝན་གྱིས་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་༥༦ བཏང་བ་བྱུང་ཡོད་པ་དང་། དེ་ནི་ད་བར་གྱི་གནམ་གྲུ་བཏང་བའི་ཁ་གྲངས་མཐོ་ཤོས་ཡིན་སྐོར་བརྗོད་འདུག ཚེས་༦ ཉིན་ཐའེ་ཝན་གྱི་བདེ་སྲུང་བློན་ཆེན་གྱིས། ལོ་ངོ་༤༠ ཡི་ནང་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་བར་གྱི་འབྲེལ་ལམ་སྡུག་ཤོས་དེ་ད་ལྟ་ཆགས་ཡོད་པ་དང་། ཕྱི་ལོ་༢༠༢༥ ཡི་སྔོན་ལ་རྒྱ་ནག་གིས་ཐའེ་ཝན་ཡོངས་སུ་བཙན་འཛུལ་བྱེད་ཐུབ་པ་ཆགས་སྲིད་པ། ད་ལྟར་བཙན་འཛུལ་བྱེད་པའི་ནུས་པ་ཡོད་ཀྱང་གནས་སྟངས་མང་པོ་ཞིག་ལ་བསམ་ཞིབ་བྱེད་དགོས་ཀྱི་ཡོད་པས། དམག་འཁྲུག་འགོ་འཛུགས་བྱེད་མི་སྲིད་སྐོར་བརྗོད་འདུག
ཚེས་༥ ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚཡེ་དབྱིང་ཝན་གྱིས་བྲིས་པའི་རྩོམ་ཡིག་ནང་དུ། གལ་ཏེ་ཐའེ་ཝན་གྱི་མང་གཙོ་དང་འཚོ་བ་སྐྱེལ་སྟངས་ཀྱི་ལམ་ལུགས་ལ་ཉེན་ཚབས་བཟོས་ཚེ། ཐའེ་ཝན་གྱིས་རང་སྲུང་ཆེད་དུ་ག་རེ་བྱེད་དགོས་ཀྱང་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་ལ་ཐའེ་ཝན་གཞུང་གིས་གཞུང་འབྲེལ་ཐོག་ནས།ཐའེ་ཝན་དེ་རང་བཙན་རྒྱལ་ཁབ་གཅིག་ཡིན་པའི་གསལ་བསྒྲགས་བྱེད་པའི་ལམ་ལ་འགྲོ་བཞིན་ཡོད་པའི་སེམས་འཚབ་ཆེན་པོ་ཡོད་འདུག
ཉེ་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་གི་གནམ་གྲུ་མང་པོ་ཞིག་བཏང་རྗེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནིའུ་ཌ-ཕི་ར་སི་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་གིས་རྒྱ་ནག་གི་“འཁྲུག་རྐྱེན་སློང་བའི་”དམག་གི་བྱ་སྤྱོད་དེར་ཨ་རིར་སེམས་འཚབ་ཆེན་པོ་ལངས་ཡོད་སྐོར་བཤད་པའི་ཐོག། བྱ་སྤྱོད་དེས་“མངའ་ཁུལ་དེའི་ཞི་བདེ་དང་བརྟན་ལྷིང་གཏོར་སྐྱོན་གཏོང་བ་དང་། དེ་ནི་རྩིས་ལོག་ཐེབས་པ་ཞིག་ཡིན་པའི་”ཉེན་བརྡ་བཏང་ཡོད་འདུག དེ་མིན་ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཁོང་གིས། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ཨ་རིའི་ཁེ་ཕན་གཉིས་འབྲེལ་བ་དམ་ཟབ་ཡོད་པས། རྒྱ་ནག་གིས་“ཐའེ་ཝན་གྱི་ཐོག་ཏུ་དམག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་གནོན་ཤུགས་སྤྲོད་མཚམས་འཇོག་དགོས་པའི་”དགོས་འདུན་བཏོན་པ་མ་ཟད།། ཨ་རིས་མུ་མཐུད་“མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་དུ་ལངས་ནས་ཐུན་མོང་གི་འཕེལ་རྒྱས་དང་བདེ་འཇགས་གོང་མཐོར་དང་། མང་གཙོའི་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་རྒྱུ་ཡིན་”ཞེས་ནན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།