རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པའི་ཐག་གཅོད།
ཕྱི་ལོ་༢༠༡༨ ལོ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་རེས་མོས་གནང་རྒྱུ་ཐག་བཅད་ཡོད་ནའང་། ད་ལོར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང་། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱག་ལས་གནང་རྒྱུའི་ཐག་གཅོད་གསར་པ་ཞིག་བྱས་ཡོད་པ་རེད།
ཕྱི་ལོ་༢༠༡༨ ལོ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་རེས་མོས་གནང་རྒྱུ་ཐག་བཅད་ཡོད་ནའང་། ད་ལོར་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང་། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱག་ལས་གནང་རྒྱུའི་ཐག་གཅོད་གསར་པ་ཞིག་བྱས་ཡོད་པ་རེད།
ཕྱི་ཟླ་༢ པའི་ཚེས་༣ ཉིན་རྒྱལ་ཡོངས་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་རྒྱུན་ལས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ཐོག་མར་སྙིང་མའི་དབུ་འཛིན་བྱུང་རིམ་སྐོར་འཁོད་དོན། “སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་བསྐོ་བཞག་ཞུ་རྒྱུའི་གནས་སྟངས་ལ་ད་ཆ་འགྱུར་བ་ཕྱིན་པ་ནི། ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྐབས་བོད་ཟླ་༡༢ པའི་ཚེས་༨ ཉིན་དགོང་མོར་སྨོན་ལམ་ཆེན་མོའི་ལས་དོན་གནང་ཕྱོགས་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དང་འབྲེལ་བའི་བསྟན་དོན་གྱི་བྱ་བ་གལ་ཆེ་ཡོད་ན་གྲོས་བསྡུར་ཐག་གཅོད་བྱ་རྒྱུའི་ལམ་སྲོལ་ཡོད་པ་བཞིན། རྙིང་མའི་དབུ་འཛིན་གྱི་མཚན་གནས་འབུལ་ཕྱོགས་སྐོར་དེ་སྔོན་ཕལ་ཆེ་བ་རྙིང་མའི་སྨོན་ལམ་ཆེན་མོའི་སྐབས་གོ་བསྡུར་བྱུང་ཡོད། དེ་ལྟར་བཙན་བྱོལ་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནས་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་བར་གསེར་རི་ཕྲེང་བ་ལྟ་བུའི་བླ་ཆེན་རྣམས་ཀྱིས་དབུ་འཛིན་མཚན་བཞེས་ཀྱིས་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་ཐོགས་བླ་མེད་བྱུང་ཡོད་”ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་བར་ལམ་དབུ་འཛིན་བསྐོ་སྟངས་ལ་འགྱུར་བ་སོང་བའི་སྐོར་འཁོད་དོན། “ཕྱི་ལོ་༢༠༡༨ ལོའི་སྨོན་ལམ་ཆེན་མོ་ཐེངས་༢༩ པའི་སྐབས་རྙིང་མའི་དབུ་འཛིན་སུ་བཞུགས་ཐད་གོ་བསྡུར་བྱུང་བར་རྙིང་མའི་མ་དགོན་དྲུག་ནས་དང་པོ་ཀཿཐོག་དང་། དེ་རྗེས་རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་རྣམས་ཀྱིས་ལོ་གསུམ་རེ་རེས་མོས་གནང་རྒྱུའི་ཐག་ཆོད་བྱུང་བ་བཞིན། སྐབས་དེར་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཞུས་པ་ལྟར་ཞལ་བཞེས་ཀྱིས་མཚན་གནས་ཕུལ་ཡང་། སྙིགས་དུས་བསྟན་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་ལོ་གསུམ་ཁ་མ་ཚང་བར་ཞི་བར་གཤེགས་པ་དང་། དེ་རྗེས་༸སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཞུས་ཀྱང་ཞལ་བཞེས་ཐོབ་མེད་”ཅེས་འཁོད་འདུག
གསལ་བསྒྲགས་དེའི་ནང་དབུ་འཛིན་བསྐོ་བཞག་མི་དགོས་པའི་སྐོར་འཁོད་དོན། “ད་ལན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་༣༡ སྐབས་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཡང་ཡང་ཞུས་ཀྱང་། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ད་ལྟའི་རྙིང་མའི་དབུ་འཛིན་མཚན་བཞེས་གནང་རྒྱུ་དེ་མུར་འགྲོ་ན་མ་འོངས་པར་རྙིང་མའི་བསྟན་པར་ཕན་ལས་གནོད་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཞིག་དང་། དེ་བས་རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙིང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས་ཚུད་དང་། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱག་ལས་གནང་རྒྱུའི་ཐག་གཅོད་གསར་པ་ཞིག་བྱ་ཐུབ་ཚེ་དགེ་མཚན་ཆེ་བར་ཡོད་པ་དགོངས་ཚུལ་གསུངས་པར་བརྟེན། གོ་བསྡུར་རིམ་པར་བྱས་མཐར་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དེ་བཞིན་སྤྱི་མོས་ཐག་གཅོད་བྱུང་སོང་། ད་ནས་བཟུང་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ལས་དོན་ཆེད་མཉམ་ཞུགས་དགོས་རིགས་ལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་སྒྲིག་འཛུགས་ཀྱིས་འགན་ཁུར་བཞེས་གནང་རྒྱུ་དང་། དེ་བརྒྱུད་བླ་ཆེན་ཁག་དང་། དགོན་སྡེ་ཁག་ལ་བསྟན་འགྲོའི་ལས་དོན་རྣམས་ཀྱི་ཆེད་རེ་བསྐུལ་ཅི་བྱུང་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་འགྱུར་གནང་རྒྱུ་ཐུགས་གཏན་འཁེལ་བས། དེ་བཞིན་འབྲེལ་ཡོད་ཚང་མས་དེ་དོན་དགོངས་འཇགས་ཡོང་བ་ཞུ་རྒྱུ་བཅས་”ཞེས་འཁོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།