རྟོག་འཁྲུག་གི་སེམས་སྐྱོན།

རྩོམ་པ་པོ། ཡེ་ཤེས་རྡོ་རྗེ།

ཁ་ཕོ་ཤད་དང་ཀླད་ཕོ་རུས་ཞེས་པ་ནི་འགྲོ་བ་མིར་ཡོད་དགོས་པའི་བཟང་སྤྱོད་ཅིག་ཡིན་པར་ངོས་འཛིན་བྱེད་ཆོག འོན་ཀྱང་དེ་སྤྱོད་ལོག་བཏང་ཚེ། ཚན་རིག་གིས་དེ་ནི་སེམས་ཁམས་ཀྱི་རྟོག་པ་འཁྲུག་པའི་ནད་ཀྱི་རྣམ་གྲངས་སུ་ངོས་འཛིན་བྱེད་ཀྱི་འདུག

དབྱིན་སྐད་ནང་གི་སེམས་ཁམས་རིག་པའི་ཐ་སྙད། “Cognitive Dissonance” (རྟོག་འཁྲུག) ཅེས་པ་འདི་ནི་དེང་སྐབས་འཛམ་གླིང་ནང་བེད་སྤྱོད་ཧ་ཅང་མང་པོ་གཏོང་བཞིན་པའི་ཐ་སྙད་ཅིག་རེད། ༡༩༥༧ ལོར་སེམས་ཁམས་རིག་པ་བ་ལེའོན་ཧྥེ་སི་ཊིན་གྷར་(Leon Festinger)གྱིས་ངོས་འཛིན་བྱས་པའི་སེམས་ནད་ཀྱི་རྣམ་གཞག་འདིའི་ནང་དོན་ནི། གང་ཟག་ཅིག་གིས་འགལ་འདུ་ཅན་ནམ་ལེགས་ཉེས་ཧ་གོ་བཞིན་དུ་ཉེས་པ་དེ་ལག་ལེན་བསྟར་བ་དང་།                དེའི་འགྱོད་པ་དང་ངོ་ཚ་སྲུང་ཆེད་ཉེས་པ་དེ་ལེགས་པར་འགྲེལ་ལོག་རྒྱག་པ། དེ་བཞིན་རང་གིས་བཟང་སྤྱོད་ཀྱི་ལངས་ཕྱོགས་དང་འགལ་བ་བྱས་པ་ཤེས་བཞིན་དུ་དེ་ལ་རྒྱུ་མཚན་ཡང་དག་ཡོད་པའི་རང་མགོ་རང་སྐོར་བྱེད་པའི་འགྲོ་བ་མིའི་སྤྱོད་ཚུལ་ཞིག་ལ་གོ་ཡི་ཡོད་པ་རེད།

དཔེར་ན། ཐ་མག་འཐེན་མཁན་ཞིག་གིས་ཐ་མག་གིས་སྐྲན་ནད་ཡོང་བའི་རྐྱེན་བྱེད་པ་ཤེས་ཀྱང་། ཐ་མག་འཐེན་རྒྱུ་མཚམས་འཇོག་བྱེད་པར་དཀའ་ངལ་འཕྲད་དེ། ཐ་མག་འཐེན་པར་དགེ་མཚན་ཡོད་ཚུལ་གྱི་རྒྱུ་མཚན་ཟོལ་བཟོས་བྱེད་ནས་མུ་མཐུད་འཐེན་པ་ལྟ་བུ་དང་། ཆོས་ལོག་སྤེལ་མཁན་གྱི་རྗེས་འབྲང་བ་ཚོར་མཚོན་ན། ཆོས་ལོག་ནང་གི་ལུང་བསྟན་དོན་དངོས་སུ་མི་འགྲུབ་པའི་སྐབས་སུའང་། ཆོས་ལོག་ལ་ཡིད་ཆེས་མི་ཤོར་བར་ལུང་བསྟན་དེ་མ་འགྲུབ་པའི་རྒྱུ་མཚན་གསར་བཟོ་བྱས་ནས་མུ་མཐུད་དེ་ཆོས་ལོག་ལ་དད་པ་བྱེད་པ་ལྟ་བུ་ཡིན།

འདིའི་སྐོར་གྱི་དཔེ་མཚོན་ཞིག་ཞུས་ན། སྔོན་མ་ཨ་རིའི་ཆོས་ལོག་སྤེལ་མཁན་ཞིག་གིས་ ༡༩༥༤ ལོའི་ཟླ་ ༡༢ ཚེས་ ༢༡ ཉིན་འཛམ་གླིང་འདི་ཆུ་ལོག་གིས་འཇིག་རྒྱུ་ཡིན་པ་དང་། ཆོས་ལོག་དེར་ཡིད་ཆེས་བྱེད་མཁན་རྣམས་གླིང་གཞན་ནས་ཡོང་བའི་མཁའ་གྲུས་ཉེན་སྐྱོབ་བྱེད་རྒྱུ་ཡིན་ཚུལ་བཤད་དེ། ཆོས་ལོག་དེའི་རྗེས་འབྲང་བ་ཚོས་རང་གི་རྒྱུ་ནོར་ཡོད་ཚད་མེད་པ་བཟོས་ནས་ཉིན་དེར་སྒུག་སྐབས། དེའི་ཕྱི་ཉིན་གླིང་གཞན་གྱི་མཁའ་གྲུ་མ་འབྱོར་བ་དང་། འཛམ་གླིང་འདི་ཡང་མུ་མཐུད་ནས་གནས་པ་མཐོང་དུས། ཁོང་ཚོས་ཆོས་ལོག་དེར་ལོག་ལྟ་མ་བྱས་པར། ཆོས་ལོག་དེའི་བཀའ་དྲིན་གྱིས་འཛམ་གླིང་འདི་མ་འཇིག་པར་གནས་པ་ཡིན་པའི་འགྲེལ་བཤད་གསར་པ་ཞིག་བརྒྱབ་འདུག།

དེར་བརྟེན་རྟོག་འཁྲུག་ཅེས་པ་འདི་ནི་དོན་དངོས་ཀྱི་མིའི་རྣམ་དཔྱོད་ཀྱིས་ཤེས་ཐུབ་པའི་གནས་ལུགས་དང་འགལ་བའི་བྱ་སྤྱོད་སྤེལ་བ་དང་། དེ་ལ་དོན་དངོས་དང་ཡོངས་སུ་འགལ་བའི་འགྲེལ་བཤད་རྒྱག་པའི་སྤྱོད་ཚུལ་ཞིག་རེད་འདུག། དཔེར་ན། བུ་བླུན་པོས་ཙནྡན་ཁང་པ་གང་པོ་སོལ་བར་བསྒྱུར་རྗེས། སོལ་བ་ནི་ཙནྡན་ལས་རིན་ཐང་ཆེ་བ་ཡོད་ཚུལ་བཤད་པ་ལྟ་བུ་ཡིན། འདིའི་རྒྱབ་ལྗོངས་ནི། རང་གིས་ནོར་འཁྲུལ་བྱས་རྗེས་རང་སེམས་མི་བདེ་བ་ཡོང་བ་ལས་གཡོལ་ཐབས་སུ། ནོར་བའི་བྱ་བ་ལ་མ་ནོར་བའི་རྣམ་པ་སྐྲུན་ཐབས་བྱེད་པ་ཞིག་རེད།

དཔེར་ན། བོད་མི་སུ་ཡིན་ནའང་བོད་ཆོལ་གསུམ་གཅིག་སྒྲིལ་མ་བྱུང་ན་བོད་ཀྱི་ལས་དོན་འགྲུབ་རྒྱུ་ཁག་པོ་ཡིན་པ་ཤེས་ཀྱི་ཡོད་ནའང་། དོན་དངོས་སུ་དེ་ལས་ལྡོག་པའི་བྱ་བ་སྣ་ཚོགས་སྤེལ་མཁན་ཡོད་པ་འདི་ནི་རྟོག་འཁྲུག་ཀླད་སྐྱོན་ནམ་རྟོག་འཁྲུག་སེམས་སྐྱོན་གྱི་དཔེ་མཚོན་གསལ་པོ་ཞིག་ཡིན། དེ་བཞིན་རང་གི་དགའ་སའི་མི་ཞིག་གིས་སྤྱིའི་རྩ་དོན་ལ་གནོད་པའི་བྱ་སྤྱོད་སྤེལ་བའམ་སྐད་ཆ་བཤད་ནའང། དེ་ལ་དགའ་བསུ་དང་རྒྱབ་སྐྱོར་བྱེད་པ་ནི་རྟོག་འཁྲུག་གི་ཀླད་ནད་དེ་ཇི་ཙམ་ཚབས་ཆེན་དུ་གྱུར་བཞིན་པའི་ནད་རྟགས་ཤིག་རེད་འདུག།

རང་ཉིད་ལ་རྟོག་འཁྲུག་ཀླད་ནད་ཀྱི་ཤུགས་རྐྱེན་ཇི་ཙམ་ཞུགས་བཅུག་པ་དེ་ཙམ་གྱིས། ཀླད་ནད་དེས་ཁྱོད་ལ་དབང་སྦྱོར་བྱེད་པའི་ནུས་པ་ཆེ་རུ་འགྲོ་བ་དང་། ཀླད་ནད་དེའི་ནུས་པ་ཇི་ཙམ་གྱིས་རྒྱས་པ་དེ་ཙམ་གྱིས། རང་ཉིད་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་ནུས་པ་དང་ཐག་རིང་དུ་གྱེས་ནས། མཐར་རང་ཉིད་ཀྱི་སེམས་དང་མི་ཚེ་ནི་སྲང་ལམ་དུ་རླུང་གིས་འཁྱེར་བའི་འགྱིག་ཤོག་ཁུག་སྟོང་ཞིག་དང་འདྲ་བར། རང་ལ་ཁ་ཕྱོགས་དང་ལངས་ཕྱོགས་མེད་པར་འགྱུར་སྲིད། དེར་བརྟེན། འདིས་རང་སོ་སོའི་སྒེར་གྱི་ཁེ་ཕན་དང་སྤྱིའི་ཁེ་ཕན་སྒྲུབ་རྒྱུར་འགལ་རྐྱེན་ཆེན་པོ་བཟོ་ངེས་རེད།

མིའི་མི་ཚེ་ནི་འདེམ་ཁ་མང་པོ་ཐག་གཅོད་དགོས་པའི་གོ་སྐབས་སམ་ལས་འགན་གྱིས་ཁེངས་པ་ཞིག་ཡིན། འདེམ་ཁ་དེ་དག་མང་པོ་ཞིག་ནི། ལེགས་དང་ཉེས་ཀྱི་བར་དང་། བཟང་དང་ངན་གྱི་བར། ཁེ་དང་གྱོང་གི་བར། ཕན་དང་གནོད་ཀྱི་བར། མང་དང་ཉུང་གི་ཁེ་ཕན་བར། ཆེ་ས་དང་ཆུང་སའི་གནད་དོན་བར། དགྲ་དང་གཉེན་གྱི་ལངས་ཕྱོགས་བར། གནས་སྐབས་དང་ཡུན་རིང་གི་དམིགས་ཡུལ་བར་སོགས་གྲངས་ལས་འདས་པའི་འདེམ་ཁ་ཡིས་ཁེངས་ཡོད།

དེ་ལྟ་བུའི་འདེམ་ཁ་ནོར་དང་མ་ནོར་གྱི་ཐག་གཅོད་ནི། མི་དེ་ཉིད་ཀྱི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་མིན་གྱི་གཞི་རྩ་ཡིན་པར་ངོས་འཛིན་བྱེད་ཆོག སྟབས་ལེགས་པ་ཞིག་ལ། འགྲོ་བ་མི་ལ་ལེགས་ཉེས་ཀྱི་ཁྱད་པར་མཐོང་བའི་ཀླད་པ་ཞིག་དང་། བྱེད་རུང་དང་མི་རུང་ཚོར་བའི་སྙིང་ཞིག་ཡོད། འོན་ཀྱང་དེ་ལྟ་བུའི་ནུས་པ་ཡོད་བཞིན་དུ་ཕྱིན་ཅི་ལོག་པའི་བྱ་སྤྱོད་སྤེལ་བ་ནི། རྟོག་འཁྲུག་སེམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཆེ་བའི་རྐྱེན་གྱིས་ཡིན་པ་རེད།

དེས་ན།         རང་ཉིད་ཀྱི་འགྲོ་བ་མིའི་རྣམ་དཔྱོད་ལྡན་པའི་མི་ཚེ་དེ་དོན་སྙིང་ཅན་ཞིག་ཏུ་བསྐྱལ་འདོད་ན། དུས་ཀུན་ཏུ་རྟོག་འཁྲུག་སེམས་སྐྱོན་གྱི་དབང་དུ་མི་འགྲོ་བའི་འབད་བརྩོན་གང་ཐུབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པར་སྙམ་མོ།།།།

ཁྱེད་ཀྱིས་གཟིགས་མེད་སྲིད།