རྡ་སར་བོད་ཀྱི་རང་བཙན་ཉིན་མོ་སྲུང་བརྩི་གནང་སོང་།
ཟླ་༢ པའི་ཚེས་༡༣ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་ཡོད་པའི་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༣ ལོར་ཆུ་གླང་རྩ་ཚིག་བསྒྲགས་ཏེ་ལོ་ངོ་ ༡༠༩ འཁོར་བའི་ཉིན་མོ་དང་བསྟུན། ཕྱི་ལོ་༢༠༡༣ ལོ་ནས་བོད་རང་བཙན་ཉིན་མོ་སྲུང་བརྩི་བཞུ་བཞིན་པ་ལྟར། ཐེངས་འདིར་བོད་རང་བཙན་བསྐྱར་ནན་གྱི་བསྒྲགས་གཏམ་དང་དེའི་ལོ་རྒྱུས་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་སོང་། གཏམ་བཤད་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་ཁང་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་གདན་ཞུ་གནང་འདུག
རྒན་ན་ག་སངས་རྒྱས་བསྟན་དར་གྱིས་ སྐྱབས་མགོན་རིན་པོ་ཆེ་མཆོག་གི་རྩ་ཚིག་དེ་བོད་རྒྱལ་ཁབ་འདི་གཞན་རྒྱལ་ཁབ་སུ་གཅིག་གི་ཀྱང་འོག་ཏུ་མེད་པ་ཧ་ཅང་གསལ་པོ་བཀའ་གནང་ཡོད་པ་མ་ཟད། དེའི་ནང་ལ་དོན་ཚན་ ༥ ཡོད་པ་རེད། ཕྱིས་སུ་ང་ཚོས་དེར་ཉམས་ཞིབ་བྱེད་པའི་སྐབས། མདོར་བསྡུས་ན་རང་བཙན་གཙང་མ་ཡིན་པའི་སླར་ཡང་གསལ་བསྒྲགས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངོས་འཛིན་བྱས་པ་ནང་བཞིན་ང་ཚོས་ཆུ་གླང་རྩ་ཚིག་ལ་ཞིབ་མོར་སློབ་སྦྱོང་བྱས་ན་ནང་དོན་ཡང་དེ་ལྟར་ཆགས་ཀྱི་ཡོད་པ་རེད། ཅེས་དང་། མི་མང་པོ་ཞིག་གིས་དེ་རིང་གི་ཉིན་མོ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་དགོངས་སྲིད་ཀྱི་རེད་ཀྱང་། དོན་དངོས་ཐོག་འདི་ནི་ལོ་རྒྱུས་ཀྱི་དྲན་གསོ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ༧རྒྱལ་དབང་བཅུ་གསུམ་པ་མཆོག་གིས་ཕྱི་ལོ་ ༡༩༨༥ ལོར་སྩལ་བའི་སྦུག་ཐམ་རྩ་ཚིག་དང་། ཕྱི་ལོ་ ༡༩༡༣ ལོར་སྩལ་བའི་ཆུ་གླང་རྩ་ཚིག་བཅས་གཉིས་ཀར་དོན་ཚན་ ༥ ཡོད་པའི་ཁྲོད་ནས། དོན་ཚན་ ༤ མ་གཏོགས་ཕལ་ཆེ་བ་བརྗོད་དོན་གཅིག་མཚུངས་ཡིན་སྐོར་དང་། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་དགུང་ལོ་ ༢༠ ཐོག་སྦུག་ཐམ་རྩ་ཚིག་སྩལ་སྐབས་བོད་ལ་ཟིང་ཆ་དེ་ཙམ་མེད་པའི་རྐྱེན་གྱིས་བོད་རང་བཙན་གསལ་བསྒྲགས་གནང་རྒྱུའི་དགོས་པ་གཟིགས་མེད་པ་དང་། འོན་ཀྱང་ཕྱི་ལོ་ ༡༩༡༣ ལོར་ཆུ་གླང་རྩ་ཚིག་སྩལ་སྐབས་དམིགས་བསལ་དོན་ཚན་ལྔ་ཡོད་པའི་ཁྲོད་ནས་དོན་ཚན་ ༤ པ་དེར་ཆབ་སྲིད་ཀྱི་གལ་གནད་ཡོད་སྐོར་དང་། དེ་མིན་དོན་ཚན་གཞན་རྣམས་ཆོས་ཕྱོགས་དང་འཛིན་སྐྱོང་། སྤྱི་ཚོགས་ཀྱི་བདེ་དོན་སོགས་ཀྱི་སྐོར་ལ་ཡིན་པ།
དེ་བཞིན་བཀའ་ཚིག་དོན་ཚན་བཞི་པའི་ནང་ཕྱི་ལོ་ ༡༩༠༤ ནས་ ༡༩༡༣ བར་གྱི་གནས་ཚུལ་རྣམས་རྒྱབ་རྟེན་དུ་བྱས་ཏེ་བོད་རྒྱལ་ཁབ་འདི་རང་བཙན་ཡིན་པའི་གསལ་བསྒྲགས་བྱས་ཡོད་སྐོར་དང་། བཀའ་ཚིག་དོན་ཚན་དེའི་ནང་ཚིག་བོད་རང་དབང་ལྡན་པ་ཡིན་ཞེས་འཁོད་པ་དེ་ནི་བོད་རང་བཙན་ཡིན་པ་གོ་ཡི་ཡོད་པ་དང་། རང་དབང་ཞེས་པ་དེ་རང་བཙན་ལ་གོ་ཆོག་པ་ཡིན། དཔེར་ན་རྒྱ་གར་གྱིས་རང་བཙན་རྩོད་ལེན་བྱེད་སྐབས་སུ་ Freedom Struggle དང་Freedom Fighter ཞེས་བརྗོད་ཀྱི་ཡོད་པ་རེད། དེ་དུས་རང་དབང་དང་རང་བཙན་གཉིས་གོ་དོན་གཅིག་པ་རེད། དེ་བཞིན་དབྱིན་སྐད་ནང་ Nation དང་ state ཟེར་བ་གོ་དོན་ཐ་དད་ཡིན་ནའང་། སྐབས་རེར་གོ་དོན་གཅིག་ཡིན་པའང་ཡོད། རྩ་ཚིག་དོན་ཚན་དེའི་ནང་རང་ས་བརྟན་སྲུང་ཟེར་བ་དང་། རང་ས་རང་སྐྱོང་། རང་སྡེ་རང་སྲུང་བྱ་རྒྱུ། རྒྱལ་ཁབ་ལ་སྙན་གསེང་ཞུ་རྒྱུ་ལྟ་བུ་འཁོད་ལ། སྐུ་ངོ་ཞྭ་སྒབ་པས་དེ་རང་བཙན་གསལ་བསྒྲགས་རེད་ཟེར་དགོས་པའི་དོན་དག་ཕལ་ཆེར་འདི་ལ་ཐུག་ཡོད་ས་རེད་ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་ ཆུ་གླང་རྩ་ཚིག་ཙམ་མིན་པར། དེང་སང་ཕྱི་ནང་གི་མཁས་བའི་ཁྲོད་ན་ཡང་རྒྱ་ནག་གི་གནའ་བོའི་ཡིག་ཚགས་ཁག་ལ་ཞིབ་འཇུག་མཐུལ་ཕྱིན་པ་གནང་སྟེ། བོད་འདི་རྒྱ་ནག་གི་རྒྱལ་ཁོངས་མིན་པའི་ཉམས་ཞིབ་རང་བཞིན་གྱི་ལོ་རྒྱུས་ཀྱི་དཔེ་དེབ་གསར་ཏུ་ཐོན་ཡོད་པ་མཇལ་རྒྱུ་ཡོད་པར་བསྒྲགས་ཏེ། རྒྱ་ནག་གིས་རྒྱུན་དུས་ནས་རྫུན་གཏམ་ཞིག་ཐེངས་བརྒྱར་བཤད་པ་ཡིན་ན་དེ་བདེན་པ་རུ་སྒྱུར་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། གནད་དོན་དེ་ནི་དབང་ཆ་དང་དཔལ་འབྱོར་གྱི་དབང་ཤུགས་སུ་སོང་བ་ཡིན་ན། བདེན་པ་ལ་རྒྱལ་ཁ་ཐོབ་ཐབས་མེད་པ་ཞིག་ཡིན་པར་ལུང་འདྲེན་གྱིས། སངྒཱ་པུར་དུ་གནས་སྡོད་ཀྱི་རྒྱ་རིགས་ལོ་རྒྱུས་སྨྲ་བ་ལིག་ཧན་ཁྲིན་ཟེར་བས་རྒྱ་ནག་གི་མིང་རྒྱལ་རབས་དང་ཆིངས་རྒྱལ་རབས་སོགས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་སྟེ། བོད་དེ་གནའ་སྔ་མོ་ནས་རྒྱལ་ཁོངས་མིན་པ་མངོན་གསལ་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།