རྩ་དོན་འཐབ་རྩོད་ཀྱི་ལ་ཉེ་ངན་པ།
ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཕྱི་ཟླ་༧ ཚེས་༡༢ ཉིན་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་གནས་ཚུལ་དེ་ནི། བོད་དོན་ཐོག་ནས་བཤད་ན་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཏུ་གྱུར་ཡོད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༡ ཕྱི་ལོ་ ༢༠༡༥/༧/༡༥
ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཕྱི་ཟླ་༧ ཚེས་༡༢ ཉིན་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པའི་གནས་ཚུལ་དེ་ནི། བོད་དོན་ཐོག་ནས་བཤད་ན་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཏུ་གྱུར་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ནང་པའི་དགེ་སྦྱོང་ཆེན་པོ་ཞིག་ཡིན་པ་དང། དུས་རྒྱུན་གྱི་དགོངས་པ་བཞེས་སྟངས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང། འབར་གས་ཀྱི་དོན་རྐྱེན་བཟོ་མི་སྲིད་པ་མ་ཟད། ད་བར་ཁས་ལེན་ཡང་གཏན་ནས་གནང་མེད། ཁོང་གིས་གཙོ་བོ་བོད་ཀྱི་ཆོས་དང་གནས་རིག་གནས་རྒྱུན་འཛིན་དང། སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་དང་འབྲེལ་བའི་སློབ་གསོའི་ཐོག་ཐུགས་འགན་ཆེན་པོ་བཞེས་ཡོད། རྗེ་འདི་ཉིད་སྤྱི་ཚོགས་ནང་ཤུགས་རྐྱེན་ཧ་ཅང་ཆེ་བར་བརྟེན་རྒྱ་གཞུང་གིས་ཁོང་ལ་དོགས་པ་བྱས་ནས་དུས་རྒྱུན་དུ་དོན་མེད་ཁག་དཀྲི་དང་གཞི་མེད་སྐུར་འདེབས་སྣ་ཚོགས་བྱས་ཤིང། མཐར་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས་རྐྱེན་ལམ་གྱུར་པའི་གནས་ཚུལ་ཐབས་སྐྱོ་པོ་འདི་ཉིད་བྱུང་བ་རེད།
རྒྱ་དམར་གཞུང་གི་ངོས་ནས་བཤད་ན་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་ནས་རྐྱེན་ལམ་དུ་གཏོང་བཞིན་པ་ནི། ཤར་ནུབ་ཀུན་ཏུ་ཁ་ཤོམ་དང་འུད་སྒྲོགས་ཀྱི་སྒོ་ནས་ཡར་རྒྱས་སོང་བའི་དྲིལ་བསྒྲགས་བྱེད་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བཤད་ན་ཧ་ཅང་ངོ་ཚ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལྟ་བུ་བོད་ཡུལ་ཙམ་དུ་མ་ཟད། ཕྱིའི་ཡུལ་གྲུ་ཀུན་ཏུ་སྐད་གྲགས་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་པར་བརྟེན་གལ་སྲིད་ཁོང་བཙོན་ཁང་ནས་གློད་གྲོལ་བཏང་བ་ཡིན་ན། ཁོང་གི་ཤུགས་རྐྱེན་ལ་བརྟེན་ནས་མི་མང་འབ་སུ་མི་འདུ་བའི་གནས་ཚུལ་ཞིག་ཡོང་སྲིད་པའི་དོགས་པ་བྱས་ཡོད་པ་དང། དེ་ལ་བརྟེན་ནས་རིན་པོ་ཆེ་འདི་ཉིད་ལ་རྒྱུན་རིང་མནར་གཅོད་བཏང་ནས་རྐྱེན་ལམ་དུ་བཏང་བ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་བཀུར་མི་བྱེད་མཁན་དང། རྒྱ་ནག་དེ་ཉིད་གང་ཟག་གིས་དབང་བསྒྱུར་ཙམ་མ་ཡིན་པར་ཁྲིམས་ཀྱིས་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ན་གནད་དོན་འདི་ལྟ་བུ་ལྷགས་པ་ནི་ཧ་ཅང་ངོ་ཚ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་འཛིན་བཟུང་བཙོན་འཇུག་བྱས་པ་ནས་བཟུང་ཁོང་ཉིད་གློད་གྲོལ་གཏོང་དགོས་པའི་ལས་འགུལ་ཆེ་ཕྲ་རབས་དང་རིམ་པ་མང་པོ་ཞིག་བར་མ་ཆད་པར། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་མང་ཞིག་ཏུ་སྤེལ་སོང་བ་དང། འདི་ལ་བརྟེན་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་སོང་བར་མཐར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་གཞུང་གི་བཙོན་ཁང་དུ་སྐུ་གཤེགས་པ་རེད། གནད་དོན་འདིའི་ཐོག་ནས་བསམ་བློ་ཞིག་བཏང་ན་ང་ཚོའི་ལས་འགུལ་གྱི་ཁ་ཕྱོགས་དང། ལས་འགུལ་གྱི་ངོ་བོ། ལས་འགུལ་གྱི་ཤུགས་རྐྱེན་བཅས་གང་ཐད་ནས་བསྐྱར་ཞིབ་ཡག་པོ་ཞིག་མ་བྱས་ན། ཆབ་སྲིད་བཙོན་པ་མི་གཅིག་ཙམ་གློད་གྲོལ་གཏོང་ཐུབ་པའི་ནུས་པ་ཡང་མེད་པ་ནི་ཧ་ཅང་ངོ་གནོངས་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱ་དམར་གཞུང་ལ་ངོ་ཚ་ཁྲེལ་གཞུང་དང། ཡ་རབས་བཟང་སྤྱོད་གཏན་ནས་མེད་པའི་ཐོག ང་ཚོ་བཙན་བྱོལ་བོད་པའི་ལས་འགུལ་ལ་རྣོ་ངར་གང་ཡང་མེད་པ་གཉིས་གཞི་གཅིག་ཏུ་འཛོམས་ཡོང་དུས་ཡིད་ཆད་སྐྱེ་དགོས་ཞིག་ཏུ་གྱུར་འདུག
ད་དུང་༧ཀུན་གཟིགས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ནས་མི་ལོ་ཉི་ཤུ་བརྒལ་ཡང་འདས་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་མེད་ལ། བོད་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་ནས་ཀྱང་འདི་ལ་རྒྱབ་སྐྱོར་གྱི་ལས་འགུལ་གང་མང་སྤེལ་ཡོད། གནད་དོན་འདི་ལྟ་བུའི་ངོས་ནས་བལྟས་ན་བྱང་ཆུབ་སེམས་མཆོག་མ་གདངས་སུ་གྱེར་བ་ཙམ་གྱི་སྲིད་བྱུས་འདི་ལ་རང་བཞིན་གྱིས་ཞིབ་འཇུག་ཡག་པོ་ཞིག་མ་བྱས་ན་བོད་པའི་འཐབ་རྩོད་འདི་ཡང་དོན་གྱིས་ཁ་གཡང་ཁོ་ན་ཙམ་དུ་འགྱུར་བཞིན་འདུག རྒྱལ་སྤྱི་དང་བོད་པ་ནང་ཁུལ་ནས་ཀྱང་དོ་སྣང་སླེབས་ཐུབ་པའི་ལས་འགུལ་གསར་པའི་རིགས་ཤིག་སྤེལ་མ་ཐུབ་ན། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཀྱང་བསམ་བློའི་ཐོག་ཕྱོགས་ཡོངས་ནས་ཁ་འཐོར་དགུ་འཐོར་དུ་འགྱུར་རྒྱུའི་འགོ་ཚུགས་ཡོད་པ་དང། རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་བསམ་བློ་གཏོང་མཁན་ཡང་རིམ་བཞིན་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་འདི་དག་ནི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ཐོག་ནས་ལ་ཉེ་ངན་པ་ཞིག་ཏུ་མཐོང།
བོད་པ་རང་ངོས་ནས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ཤུགས་རྐྱེན་དང་ནུས་པ་མེད་ན། རྒྱ་གཞུང་གིས་གུ་ཡངས་གཏོང་དགོས་དོན་གང་ཡང་མེད་ལ། མ་འོངས་པར་མུ་མཐུད་འཚེ་མེད་ཞི་བའི་ཁ་གཡང་དང་དྲིལ་བསྒྲགས་ཀྱི་བསིལ་གྲིབ་འོག་སྐྱིད་ཉལ་རྒྱག་པའི་བཙན་བྱོལ་བོད་མི་རྣམས་ཀྱང་མི་རིགས་གཞན་གྱི་ངོ་བོར་རང་བཞིན་གྱིས་ཐིམ་འགྲོ་ངེས་རེད། ངོ་ཚ་ཁྲེལ་གཞུང་དང་ཡ་རབས་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མེད་པའི་རྒྱ་གཞུང་ལ་རེ་སྒུག་དང་ཡིད་ཆེས་ལ་བརྟེན་ནས་འཐོབ་བྱ་གང་ཡང་མེད་ལ། མ་འོངས་པར་བོད་གསར་པའི་རེ་བ་དང་བྱ་གཞག་ལ་ཡང་ཕན་ལས་གནོད་དུ་འགྱུར་ངེས་རེད། དེར་བརྟེན་ཕྱོགས་མང་པོ་ནས་བསམ་བློ་གཏོང་དགོས་པ་དང། ལྷག་པར་དུ་མི་མང་བསམ་བློ་དང་ལངས་ཕྱོགས་མི་འདྲ་བ་ག་འདྲ་ཞིག་ཡོད་ཀྱང། དེ་ལ་ཚད་བཀག་བྱེད་བྱེད་མི་རུང་བར་ནར་སོན་དུ་འཇུག་དགོས། དེ་ལྟར་མ་བྱས་པར་བསམ་ཚུལ་གང་ཡོད་ཁ་ནས་བཤད་རྒྱུ་ལ་ཞེད་སྣང་སྐྱེས་ཤིང། ཁ་ཁོག་མི་མཚུངས་པའི་མི་རབས་ཤིག་འཚར་ལོང་བྱུང་ན་གོང་དུ་བརྗོད་པ་བཞིན་རིམ་པས་བོད་པའི་སྤྱི་ཚོགས་ཀྱི་བསམ་བློ་ཁ་འཐོར་དུ་འགྱུར་ངེས་རེད།།