རྩེད་འགྲན་བ་ཨེ་ནེ་སི-ཁེན་ཋར་གྱིས་བོད་དོན་རྒྱབ་སྐྱོར་བྱས་པར་སྤྱི་འཐུས་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་འདུག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་(NBA)ཀྱི་རྩེད་འགྲན་པ་ཨེ་ནེ་སི-ཁེན་ཋར་(Enes Kanter)གྱིས་“བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེས་རེ་བའི་འོད་སྣང་སྤྲད་ཡོད་”པ་དང་། བོད་ཕྱི་ནང་གཉིས་ཀའི་བོད་ཚོའི་ཚབ་ཞུས་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུས་འདུག
ཕྱི་ཟླ་ ༡༠ པའི་ཚེས་ ༢༩ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོས་ཨེ་ནེ་སི-ཁེན་ཋར་ལ་བསྐུར་བའི་ཡི་གེ་དེའི་ནང་། ཁོང་གིས་“ཁྱེད་ཀྱིས་བདེན་པར་གདུང་སེམས་མཉམ་སྐྱེད་གནང་བ་དེར་ང་ཚོ་ཤིན་ཏུ་དགའ་པོ་དང་བཀའ་དྲིན་ཆེན་པོ་ཚོར་བྱུང་། ཁྱེད་ཀྱིས་[བོད་དོན་]གླེངས་པ་དེས་ཁྱེད་ནས་བདེན་པ་དང་དྲང་བདེན་ལ་ཇི་ཙམ་རྒྱབ་སྐྱོར་གནང་བ་སྟོན་གྱི་ཡོད་”ཅེས་གསུངས་འདུག
ཟླ་གོང་མའི་ཚེས་ ༢༡ ཉིན་བྷོ་ས་ཋོན-སལ་ཋིག་རུ་ཁག་(Boston Celtics)གི་རྩེད་འགྲན་པ་ཨེ་ནི་སི-ཁེན་ཋར་གྱིས་སོ་སོའི་སྤྱི་ཚོགས་དྲ་བྱང་(social media accounts)དག་བརྒྱུད་དེ་རྒྱ་ནག་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་མ་ཟད། “ངས་བོད་ལ་རང་བཙན་འཐོབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་བཤད་པར་བརྟེན། རྒྱ་ནག་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་ཁོང་གི་རུ་ཁག་གི་ཐད་གཏོང་ལས་རིམ་ཡོངས་རྫོགས་མེད་པར་བཟོས་ནས་བཀག་སྡོམ་བྱས་ཡོད།
ཡི་གེ་དེའི་ནང་། ཚོགས་གཙོ་བསོད་ནམས་བསྟན་འཕེལ་གྱིས་“ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ཁྲིམས་འགལ་གྱིས་བཙན་འཛུལ་དང་དབང་སྒྱུར་བྱས་པ་ན་བཟུང་། བོད་མི་རྣམས་ལ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ་མ་ཟད། བོད་མི་རྣམས་ངལ་རྩོལ་སྒྱུར་བཀོད་ཁང་དུ་ཀླད་པ་འཁྲུ་བའི་སྡུག་བསྔལ་མྱོང་བ་དང་། མི་ས་ཡ་མང་པོ་རང་ཁྱིམ་དུ་གཞི་རྒྱ་ཆེ་བའི་ལྟ་སྲུང་ནན་པོའི་འཇིགས་སྣང་ཁྲོད་དུ་གནས་ཀྱི་ཡོད་”ཅེས་གསུངས་པའི་ཐོག ཉེ་ཆར་ཤར་ཏུར་ཀི་སི་ཐན་གྱི་དྲུང་ཆེ་ཝང་ཇོན་ཀྲིན་(Wang Junzheng)གནས་སྤོ་བྱས་ནས་“བོད་རང་སྐྱོང་ལྗོངས་”་ཀྱི་དྲུང་ཆེར་བསྐོ་བཞག་བྱས་པ་དེས། རྒྱ་ནག་གིས་བོད་ལ་སྔར་བས་ཀྱང་དམ་དྲག་ཆེ་བ་བྱེད་རྒྱུའི་འཆར་གཞི་འཐེན་བཞིན་པ་བསྟན་ཡོད་ཚུལ་བསྣན་འདུག
ཚོགས་གཙོས་བོད་དུ་མི་སྤྱོད་ལས་འདས་པའི་དཀའ་སྡུག་དང་གདུག་རྩུབ་དྲག་པོ་མྱོང་བཞིན་པའི་སྐབས་འདིར། ང་ཚོས་བོད་ནང་དུ་ཡོད་པའི་སྤུན་ཟླ་ཕོ་མོ་ཚོར་རྒྱབ་སྐྱོར་བྱེད་མཁན་རེ་རེ་ཡང་རྩ་ཆེན་པོ་བརྩི་ཡི་ཡོད་ཅེས་གསུངས་པ་དང་། ཨེ་ནེ་སི-ཁེན་ཋར་གྱིས་“བདེན་པ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་དེས་རེ་བའི་འོད་སྣང་སྤྲད་ཡོད་”སྐོར་བརྗོད་འདུག
ཏིར་ཀི་(Turkey) ནས་ཡིན་པའི་རྩེད་འགྲན་པ་ཁོང་གིས་བོད་དོན་རྒྱབ་སྐྱོར་གྱི་སྐད་ཆ་དེ་བཤད་པའི་རྗེས། ཤར་ཏུར་ཀི་སི་ཐན་དང་། ཧོང་ཀོང་། ཐའེ་ཝན་བཅས་ལའང་རྒྱབ་སྐྱོར་གྱི་སྐད་ཆ་བཤད་ཡོད་པ་མ་ཟད། རྒྱ་ནག་ལ་ ༢༠༢༢ ལོའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་སྐོང་འཚོགས་བྱེད་པའི་ཐོབ་ཐང་མེད་ཅེས་བརྗོད་དེ། ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོའི་རུ་ཚོགས་(NBA)ནང་དུ་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་བཀག་སྡོམ་གྱི་སྐད་ཆ་བཤད་མཁན་ཐོག་མ་དང་གཅིག་པུ་དེ་ཆགས་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།