རྩོད་རྙོག་མཇུག་རྫོཌ་པ་རེད་དམ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༦ གི་ཆེད་བརྗོད།)

ཕྱི་ལོ་༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དཀའ་ངལ་ལ་བརྟེན་འགྲོ་བསྐྱོད་དང་འདུ་འཛོམས་བཀག་སྡོམ་སྐབས། དབྱར་དུས་ཀྱི་གྲོས་ཚོགས་འཚོག་ཐབས་བྲལ་བས་ཚོགས་དུས་དེ་ཕར་འགྱངས་བྱས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དགོས་པ་དང་དགག་བྱ། ཛ་དྲག་གི་གནས་སྟངས་གང་ལའང་མ་བལྟས་པར། བརྒྱ་ཁ་གཅིག་གཅོད་དང་། ཨུ་ཚུགས་མཐར་སྐྱེལ་གྱིས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་ལ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་གླེང་རྙོག་གི་འགོ་ཚུགས་པ་དང་། ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་ཁྲིམས་ཞིབ་པ་གསུམ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འཕོ་འགྱུར་བཏང་བས། མི་ཆེན་དང་ཟུར་པ་མང་པོ་ཞིག་ལ་དབུ་ཕོག་ཞབས་ཕོག་བྱུང་སྟེ་དངོས་དང་བརྒྱུད་ནས་ལས་འགུལ་སྤེལ་འགོ་བཙུགས། མཐར་འཕོ་འགྱུར་བཏང་ཞིང་ལས་གནས་མཚམས་འཇོག་ཟིན་པའི་ཁྲིམས་ཞིབ་པ་རྣམས་བསྐྱར་ལོག་བྱུང་བ་སོགས་ཀྱིས་ད་བར་རྩོད་རྙོག་རྒྱུན་ཆད་མེད།

བཀའ་སྤྱི་གཉིས་ཀྱི་དམ་བཅའ་འབུལ་ཕྱོགས་སོགས་ལ་བརྟེན་རྩོད་རྙོག་མུ་མཐུད་བྱུང་ཞིང་གྲོས་ཚོགས་ཕྱོགས་གཉིས་སུ་གྱེས། འཛིན་སྐྱོང་བཀའ་ཤག་ཀྱང་ཕྱོགས་གཅིག་ཁོ་ནར་བཞུགས་པ་མ་ཟད། བཙན་བྱོལ་བོད་གཞུང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་རྣམས་ཀྱིས་སྣེ་ཁྲིད་དང་རྒྱུད་སྐུལ་འོག་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་པ་ཕལ་ཆེ་བའང་རྩོད་རྙོག་དེའི་ཤོག་ཁག་གང་རུང་གི་ཁོངས་གཏོགས་ཡིན་པའི་རྣམ་འགྱུར་གསལ་པོ་ཆགས། མི་མང་དཀྱུས་མའི་ནང་དུའང་དེ་ལྟ་བུའི་གནས་སྟངས་ཡོད་པ་ནི་དེ་བས་ཀྱང་ཛ་དྲག་ཏུ་གྱུར་ནས་མི་ལོ་གསུམ་ལྷག་འདས་པའི་རིང་། དོན་དངོས་སུ་ལྷག་བསམ་དང་སེམས་ཤུགས་ཡོད་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་སེམས་ཁྲལ་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། ད་ལན་གྲོས་ཚོགས་ནང་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་༢ པའི་ག་པ་ཁྲིམས་ཞིབ་པའི་འོས་ཆོས་དང་། རེ་གསུམ་པའི་ནང་གསེས་༤ པ་ཁྲིམས་ཞིབ་པའི་ཡུན་ཚད་གཉིས་ལ་འགྱུར་བ་བཏང་བས་ཕྱོགས་གཉིས་ཀ་ནས་དགའ་བསུ་བྱེད་བཞིན་འདུག 

དོན་དངོས་སུ་བཅའ་ཁྲིམས་བསྐྱར་བཅོས་དེས་རྒྱལ་སྤྱི་དང་རྒྱ་གར་གྱི་ཁྲིམས་ལུགས་ཤེས་མཁན་མིན་ཡང་ཁྲིམས་ཞིབ་པར་བསྐོ་གཞག་ཆོག་པ་དང་། འཕོ་འགྱུར་བཏང་ཟིན་ཀྱང་རང་ངོས་ནས་ལས་གནས་སུ་ཕྱིར་ལོག་བྱས་པ་བསྟན་འཛིན་ལུང་རྟོགས་ཟླ་ཤས་རྗེས་ལས་གནས་དང་ཁ་འབྲལ་དགོས་པ། སླད་ཕྱིན་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་དུས་ཡུན་ཡང་ལོ་ལྔ་རེར་གཏན་ཁེལ་བྱས་པ་རེད། གྲོས་ཚོགས་སུ་ལ་ཉག་མཛོ་གཟེངས་ཀྱི་རྣམ་པ་མངོན་པ་དང་། སྤྱི་ཚོགས་ནང་དགའ་འབོད་བྱེད་སྟངས་ཀྱང་རང་ཉིད་ཀྱི་དགོས་འདུན་དང་འབོད་སྒྲ་ལས་ཡོངས་སུ་བརྒལ་བ་ལྟ་བུའི་རྣམ་པ་ཡོད་ཀྱང་། གྲོས་ཚོགས་ནང་གི་ཐག་གཅོད་ཅིག་ལ་ཕྱོགས་ཚང་མའི་དགའ་བསུ་ཐོབ་པ་ནི་དུས་ཡུན་གང་འཚམ་རིང་ཐེངས་དང་པོར་གྱུར་ཡོད། མ་འོངས་པར་གྲོས་ཚོགས་དང་སྤྱི་ཚོགས་ནང་རྩོད་རྙོག་དེ་ཡོངས་སུ་གཙང་སེལ་ཆགས་ན་ཐག་གཅོད་དེ་ཡག་པོ་ཡིན་ཡང་། ཁ་ཤས་ཀྱི་སེམས་ནང་དུ་ད་དུང་‘བྱ་འོལ་པས་སྦལ་པ་ཟོས་ནས་ལྟོ་ཡེ་རེ་འགྲང་ཡང་ཡེ་རེ་རྨོངས་’ཞེས་པ་ལྟ་བུར་གྱུར་མེད་དམ་སྙམ།

སྤྱིར་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་དང་། བསམ་ཚུལ་མི་མཐུན་པ་ལ་བརྟེན་ནས་རྩོད་རྙོག་སྣ་ཚོགས་ཡོད་པ་དེ་ཡང་རང་བཞིན་ཡིན་པས་དམིགས་བསལ་གྱིས་ཧ་ལས་དགོས་པ་ཞིག་མིན་ཡང་། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི་མིའི་ལུང་པར་བཙུགས་པའི་སྐྱབས་བཅོལ་བའི་གཞུང་ཞིག་ཡིན་པ་དང་། ད་ལྟའི་འགལ་ཟླ་དེ་བེད་སྤྱད་ནས་ཡབ་གཞིས་སྐུ་འཁོར་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད། བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་དཔོན་རིགས་དང་ལས་བྱེད་པ། མི་མང་དཀྱུས་མ་བཅས་ཚང་མའི་ནང་མངོན་གསལ་དོད་པོའི་ཐོག་ནས་ཕྱོགས་རིས་ཀྱི་རྣམ་འགྱུར་སྟོན་པ་འདི་ལྟ་བུ་འདས་པའི་ལོ་རྒྱུས་སུ་བྱུང་མྱོང་མེད། སྔོན་མ་ཕྱོགས་རིས་དང་ཞེན་གོག་ཧ་ཅང་ཆེན་པོ་ཡོད་མཁན་དག་གིས་ཀྱང་མེད་པའི་རྣམ་འགྱུར་སྟོན་པ་ལས། ཕྱོགས་རིས་དང་ཞེན་གོག་དེ་མངོན་གསལ་དོད་པོ་སྟོན་མི་ཐུབ་པའི་ཁོར་ཡུག་ཅིག་གམ། ངོ་ཚ་ཞེ་ཁྲེལ་གྱི་ཚད་གཞི་ངེས་ཅན་ཞིག་ཡོད་ཀྱང་། ད་ལྟའི་ཆར་ཕྱོགས་རིས་མེད་ན་མི་གྲལ་དུ་མི་ཚུད་པ་ལྟ་བུའི་དུས་སུ་སླེབས་ཟིན།

མདོར་ན་༧གོང་ས་མཆོག་དགུང་ན་མཐོན་པོར་ཕེབས་པ་དང་། ལོ་འདིར་ཞབས་པུས་བཤའ་བཅོས་ཞུ་དགོས་བྱུང་བ་སོགས་སྐུ་གཟུགས་ཀྱི་གནས་སྟངས་ཀྱང་སྔོན་མ་ལྟ་བུ་མེད་པས། ད་ལན་གྲོས་ཚོགས་ནང་གི་ཐག་གཅོད་འདི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་བརྩིས་ནས་ཉེན་ཁ་ཆེ་བའི་རྩོད་རྙོག་རིགས་མི་ཡོང་བ་གལ་ཆེ། མཐོ་རིམ་དཔོན་རིགས་ལས་ཟུར་རྣམས་ཀྱིས་ཀྱང་དངོས་དང་བརྒྱུད་ནས་ས་འོག་དར་ཐག་འཐེན་མཚམས་བཞག་ན་རིམ་པས་རྩོད་རྙོག་ཞི་འཇམ་དུ་འགྲོ་ཐུབ་པ་དང་། ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་མི་རྣམས་ཀྱིས་ཀྱང་ཚོར་བ་ཡོད་མདོག་དང་། ཕྱོགས་གང་རུང་གི་རྒྱབ་སྐྱོར་ཡིན་མདོག་གིས་དུས་རྒྱུན་སྤྱི་ཚོགས་དྲ་ལམ་དུ་གནས་ཚུལ་ཆུང་ངུ་རེ་ལ་བསྙད་ནས་འུད་སྒྲོགས་མི་བྱེད་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཅིང་། བོད་མིའི་སྒྲིག་འཛུགས་འཐོར་ཞིག་ཏུ་སོང་ན་ཆེ་ས་ནས་རྩ་དོན་འཐབ་རྩོད་ལ་གནོད་པ་དང་། ཆུང་ས་ནས་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་མཁན་བོད་མི་དཀྱུས་མ་རྣམས་ལ་དེ་བས་ཀྱང་གནོད་སྐྱོན་ཆེན་པོ་ཡོད།།

ཁྱེད་ཀྱིས་གཟིགས་མེད་སྲིད།