རྩོམ་པ་པོ་བུ་ཆུང་བསོད་ནམས་ལ་རྩོམ་འབྲི་དང་ཡིག་སྒྱུར་གྱི་བྱ་དགའ་ཐོབ་འདུག 

རྒྱ་གར་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མིའི་རྩོམ་པ་པོ་དང་སྙན་ངག་པ། ལོ་ཙཱ་བ་བུ་ཆུང་བསོད་ནམས་ཀྱི་རྩོམ་འབྲི་དང་ཡིག་སྒྱུར་གྱི་ལས་དོན་ལ་ཆེ་མཐོང་གིས། ཨི་ཊ་ལིའི་རྩོམ་འབྲི་དང་ཡིག་སྒྱུར་གྱི་བྱ་དགའ་(Ostana Prize) ཐོབ་འདུག་པ་དང་། དྲ་ཐོག་ཏུ་བོད་མི་མང་པོ་ཞིག་གིས་ཁོང་ལ་དགའ་བསུ་ཞུ་བཞིན་འདུག

རྒྱ་གར་ནང་དུ་གནས་སྡོད་བྱེད་བཞིན་པའི་བོད་མིའི་རྩོམ་པ་པོ་དང་སྙན་ངག་པ། ལོ་ཙཱ་བ་བུ་ཆུང་བསོད་ནམས་ཀྱི་རྩོམ་འབྲི་དང་ཡིག་སྒྱུར་གྱི་ལས་དོན་ལ་ཆེ་མཐོང་གིས། ཨི་ཊ་ལིའི་རྩོམ་འབྲི་དང་ཡིག་སྒྱུར་གྱི་བྱ་དགའ་(Ostana Prize) ཐོབ་འདུག་པ་དང་། དྲ་ཐོག་ཏུ་བོད་མི་མང་པོ་ཞིག་གིས་ཁོང་ལ་དགའ་བསུ་ཞུ་བཞིན་འདུག

དེ་ཡང་བྱ་དགའ་དེ་འབྲེལ་གྱི་རྩོམ་རིག་དུས་སྟོན་དེ་ཟླ་༦ པའི་ཚེས་༢༤ ནས་༢༦ བར་ཡིན་འདུག་པ་དང་། བྱ་དགའ་གོ་སྒྲིག་བྱེད་མཁན་གྱི་དྲ་ཐོག་ཏུ་རྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱིས་བྱ་དགའ་ཐོབ་པའི་སྐོར་གསུངས་པའི་ནང་། ཁོང་གིས་ང་རང་སྐྱེས་ཡུལ་བོད་ཡིན་ཡང་རྒྱ་གར་དུ་སྐྱབས་བཅོལ་ལ་བསླེབས་ནས། ད་ལྟའི་ཆར་རྩོམ་རིག་སྒྱུ་རྩལ་ཐོག་ལ་ལས་ཀ་བྱེད་བཞིན་པ་ཡིན། ཕྱི་ལོ་༢༠༢༢ ལོའི་ཨི་ཊ་ལི་ཨོ་སེ་ཏ་ན་གསོལ་རས་དེ་ང་ལ་གནང་བར་ཤིན་ཏུ་དགའ་པོ་བྱུང་། ལྷན་རྒྱས་ཚང་མར་ངས་སྙིང་ཐག་པ་ནས་ཐུགས་རྗེ་གནང་ཞུ་རྒྱུ་ཡིན། གསོལ་རས་དེ་ང་ལ་གནང་བ་དེ་ང་རང་སྒེར་ལ་ཆེ་མཐོང་ཙམ་མ་ཟད། བོད་རྒྱལ་ཁབ་དང་མི་རིགས། དེ་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཡིག ཞི་བའི་འཐབ་རྩོད་བཅས་ལ་ཆེ་མཐོང་གནང་བར་ངོས་འཛིན་བྱེད་ཀྱི་ཡོད་པས་ཐུགས་རྗེ་ཆེ་ཞེས་གསུངས་འདུག 

རྩོམ་རིག་དང་ཡིག་སྒྱུར་གྱི་བྱ་དགའ་དེ་ནི་ཕྱི་ལོ་༢༠༠༨ ལོ་ནས་འགོ་བཙུགས་འདུག་པ་དང་། བྱ་དགའ་སྤྲོད་ཡུལ་རྣམས་ནི་རྩོམ་རིག་དང་ཡིག་སྒྱུར། གཞས། གློག་བརྙན་སོགས་ཀྱི་ལམ་ནས་རང་གི་སྐད་ཡིག་སྲུང་སྐྱོབ་དང་། སྐད་ཡིག་དེའི་ཐོག་ཏུ་ཡོད་པའི་རྩོམ་རིག་སྒྱུ་རྩལ་རྣམས་རྒྱལ་སྤྱིའི་ནང་ཁྱབ་སྤེལ་གཏོང་མཁན་ཤ་སྟག་ཡིན་འདུག་པ་དང་། ད་ལྟ་བར་སྐད་ཡིག་མི་འདྲ་བ་༤༠ ལས་མང་བ་བེད་སྤྱོད་བྱེད་མཁན་རྩོམ་པ་པོ་དང་ལོ་ཙཱ་བ་སོགས་ལ་བྱ་དགའ་དེ་སྤྲད་ཡོད་པ་རེད་འདུག 

རྩོམ་པ་པོ་བུ་ཆུང་བསོད་ནམས་ཀྱི་རྩོམ་དེབ་དང་སྙན་ངག་གི་དེབ། བརྩམས་སྒྲུང་གི་དེབ། དེ་བཞིན་བོད་ནང་གི་སྙན་ངག་པའི་བརྩམས་ཆོས་ཡིག་སྒྱུར་བྱས་པའི་དེབ་སོགས་མང་པོ་ཞིག་པར་སྐྲུན་བྱས་ནས་དགའ་མོས་དང་ཆེ་མཐོང་སྤྲོད་མཁན་མང་པོ་ཞིག་ཡོད་ཁར། ཁོང་ནས་བཙན་བྱོལ་ནང་གི་རྩོམ་པ་པོ་གཞོན་སྐྱེས་མང་པོ་ཞིག་ལ་ཡང་ལམ་སྟོན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།