རྭ་རྒྱ་ཤེས་རིག་སློབ་གླིང་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་སྒོ་བརྒྱབས་འདུག
ཕྱི་ཚེས་༡༤ ཉིན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབས་པའི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། ཐོག་མར་དགེ་རྒན་གྱི་ལིང་འཇིགས་མེད་ཞུ་བ་ཁོང་གིས་མི་ཚང་མར་དཀྱུས་གཅིག་ཏུ་དེ་འབྲེལ་གྱི་ལན་ཞིག་གནང་འདུག་པ་དང་། དེའི་ནང་དུ། དོན་དངོས་ནི་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲུབ་བཞིན་པའི་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱི་ཡིག་ཆའི་དགོངས་པ་ལྟར་ད་ནས་བཟུང་སྒྲུབ་མཚམས་བཞག་པ་རེད། ཅེས་འཁོད་འདུག་པ་དང་།
དེའི་རྗེས་སློབ་གྲྭ་དེ་དབུ་འཛུགས་གནང་མཁན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་དེ་ལོ་གྲངས་སུམ་ཅུ་ཏག་ཏག་ཐོག་མེད་པ་ཆགས་ཡོད་པ་དང་། ད་ལྟའི་སློབ་གྲྭའི་གནས་སྟངས་གང་གི་ཐད་ནས་ཡག་པའི་སྐབས་ཡིན་པས་ཕངས་སེམས་བྱུང་ཡང་། སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་མི་རྟག་པ་ནི་ཆོས་ཉིད་ཡིན་པས་ཚང་མས་སྐྱོ་སྐྱོ་མི་གནང་བར་རང་གི་འོས་བབས་ཕྲག་ཏུ་འཁུར་བའི་འབོད་སྐུལ་ཞིག་བརྗོད་ཐབས་གཞན་སྤྱད་ནས་སྤྱི་ཚོགས་བརྒྱུད་ལམ་དུ་བཞག་འདུག ཁོང་གིས་གསལ་བསྒྲགས་གཉིས་པ་ཁ་གསལ་བ་ཞིག་སྤེལ་བའི་ནང་། སློབ་གྲྭ་དེ་སྒོ་བརྒྱབས་པ་ནི་མི་གང་ཡང་རུང་བའི་དབང་ཆ་སྒེར་གཅོད་དང་ལས་ཁུངས་གང་རུང་གིས་ཕྱོགས་ཞེན་དང་བཙན་གནོན་བྱས་པ་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་རིགས་ཆེད་ལས་སློབ་གྲྭའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་སྒྲུབ་མཚམས་བཞག་སྐོར་རྒྱ་བོད་གཉིས་ཀྱི་ཐོག་ནས་སྤེལ་སོང་། གོང་གི་གསལ་བསྒྲགས་དང་དྲི་ལན་དག་ལས་མི་འདོད་བཞིན་དུ་རྒྱ་གཞུང་གིས་བཙན་གྱིས་སྒོ་བརྒྱབས་པ་ཞིག་ཡིན་འདུག
སྐབས་དེར་བྱེས་ཀྱི་མི་མང་པོ་ཞིག་གིས་སྒོ་བརྒྱབས་པའི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་ཞེས་པ་ནི་རྭ་རྒྱ་ཤེས་རིག་སློབ་གླིང་ཡིན་པ་ཤེས་མེད་པ་རེད་ལ། ཡིད་ཆེས་ཀྱང་བྱས་མེད། འདི་གའི་གསར་འགོད་པས་ཀྱང་བོད་ནང་གི་སྐད་འཕྲིན་གྱི་གྲོགས་ཚོམས་སུ་བཞག་པའི་པར་དང་ཡི་གེའི་མཐའ་རུ་སློབ་གླིང་དེ་གཉིས་གཅིག་ཡིན་མིན་མཆན་བཀོད་དེ་སྐད་ཆ་དྲིས་པས། གཞི་ནས་གཅིག་ཡིན་པ་ཤེས་བྱུང་། དེ་མཚམས་བོད་གཞིས་བྱེས་གཉིས་ཀྱི་བརྒྱུད་ལམ་ཁག་ནས་རྒྱ་གཞུང་གིས་སློབ་གྲྭ་དེ་སྒོ་བརྒྱབས་པར་ཕངས་སེམས་དང་བོད་ཀྱི་སྐད་ཡིག་ལ་སེམས་ཁྲལ། གདུང་འབོད་དང་སྐྱོན་བརྗོད། སློབ་མ་ཚོ་གྱེས་ཁའི་སྐྱོ་སྣང་མངོན་པའི་བརྙན་སོགས་ཀྱིས་དྲྭ་ལམ་གང་སར་ཁྱབ་སོང་། བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན་ཕྱི་ཚེས་༡༢ ཉིན་རྒྱ་གཞུང་ནས་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་ཡོད་འདུག་ཅིང་། ཚེས་༡༣ ཉིན་དགེ་སློབ་ཚང་མས་སློབ་གྲྭ་དང་གྱེས་དགོས་བྱུང་ཡོད་འདུག དེ་སྔོན་ནས་རྒྱ་གཞུང་གིས་སྐྱོན་འཛུགས་འདྲ་མིན་གྱིས་སློབ་གྲྭ་འདི་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག
རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་སྤྱི་ལོ་༡༩༩༤ ལོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་རྫོང་སྲིད་གཞུང་སོགས་ལ་ཆོག་མཆན་རིམ་པ་བརྒྱུད་དེ་གསར་འཛུགས་གནང་ཞིང་། ཐོག་མར་མཚོ་སྔོན་ནས་གཙོ་བོར་ཡོང་བའི་གསར་ཞུགས་སློབ་མ་གྲངས་༨༦ ཙམ་ཡོད་འདུག་ལ། རིམ་གྱིས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས་ཟེར་བ། ནང་སོག ཞིན་ཅང་སོགས་བོད་རྒྱ་སོག་གསུམ་གྱི་མི་རིགས་ཡོད་འདུག་པ་མ་ཟད། གསར་ཞུགས་སློབ་མའི་གྲངས་འབོར་ལོ་རེ་བཞིན་ཡར་འཕར་ཏེ་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
སློབ་གླིང་དེ་ནས་སློབ་མ་མཐར་ཕྱིན་པ་༢༠༢༡ ལོའི་གྲངས་ཐོ་ཞིག་འདུག་པ་དེར་བལྟས་ན། ལོ་དེ་བར་དུ་སློབ་མ་ཁྱོན་༢༢༥༩ ཙམ་ཡོད་འདུག་པ་དང་། དེ་དག་ལས་སློབ་ཆེན་སློབ་མ།༧༤༢ ཞིབ་འཇུག་སློབ་མ།༤༠
འབུམ་རམས་པ། ༣ སློབ་ཆེན་སོགས་ཀྱི་དགེ་རྒན། ༢༤༢ སློབ་གཙོ། ༡༣ གཞུང་ཞབས་་༡༢༠ སྨན་པ། ༨༣ དགོན་པའི་དོ་དམ་པ་༡༠༨
སྡེ་དཔོན ༨ ཁེ་ལས་གཉེར་མཁན།༢༥༣ གཞན་སློབ་གྲྭ་ཆེན་མོ་དང་དགོན་པ། སྤྱི་ཚོགས་སྟེང་གི་སྨན་པ་གྲགས་ཅན་སོགས་ཀྱི་མདུན་དུ་མུ་མཐུད་སློབ་སྦྱོང་རྒྱུན་སྐྱོང་བཞིན་པ་༦༦༥ ཡོད་འདུག
སློབ་གླིང་འདི་ཆེད་ལས་ལས་རིགས་སློབ་གྲྭ་ཡིན་འདུག་པར་བརྟེན། བོད་ཡིག་ཆེད་སྦྱོང་འཛིན་གྲྭ་དང་། དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ། གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ། གསོ་རིག་ཆེད་སྦྱོང་འཛིན་གྲྭ། བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་ ༧ དུ་ཕྱེས་ཡོད་འདུག
གཏན་འཇགས་ཀྱི་དགེ་རྒན་ནི་སློབ་དཔོན་བཛྲ་ཚུལ་ཁྲིམས་རྒྱ་མཚོ། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་ཡིན་འདུག་ལ། དེ་སྔོན་སློབ་གླིང་དེ་ནས་མཐར་ཕྱིན་པའི་སློབ་མའི་ཁྲོད་ནས་རྩོམ་རིག་དང་། སྒྱུ་རྩལ། བརྡ་སྤྲོད། ཡུལ་སྲོལ། རྒྱན་གོས། རི་ཆུའི་རིག་གནས་སོགས་ཀྱི་སྐོར་ཆེད་རྩོམ་བྲིས་ཏེ་དཔེ་དེབ་པོད་༣༠༠ཙམ་བཏོན་ཡོད་འདུག་ལ། མདོར་ན་སློབ་གླིང་དེ་ནས་བོད་ཀྱི་རིག་གནས་སྤྱི་ལ་ཞབས་ཞུ་གནང་མཁན་ཕུལ་བྱུང་གི་མི་སྣ་མང་པོ་ཞིག་སྐྱེད་སྲིང་གནང་ཡོད་འདུག
གཞན་ཡང་ཁོང་གིས་ཕྱི་ལོ་ ༢༠༠༢ ལོར་གངས་ལྗོངས་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ་ཞེས་པ་ཞིག་ཀྱང་གསར་འཛུགས་གནང་ཡོད་པ་རེད། འོན་ཀྱང་ཕྱིས་སུ་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་རོགས་དངུལ་བཀག་སྟེ་རིམ་གྱིས་རྨ་ཆེན་རྫོང་སློབ་གསོ་ཁང་གིས་སློབ་གྲྭ་དེ་གཞུང་བཞེས་བཏང་ཡོད་པ་བོད་ཀྱི་དུས་བབ་གསར་ཁང་གིས་བཀོད་འདུག དེ་བཞིན་རྒྱ་དམར་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བསྟི་གནས་ཆེ་བ་དག་རིམ་གྱིས་སྟངས་འཛིན་དང་དམ་དྲག བཙན་གྱིས་སྒོ་རྒྱག་སོགས་བྱས་དང་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།